བོད་འགྱུར་བྱས་ཟིན་པའི Photoshop གཉིས་པ Photopea

Photopea.com ཟེར་བའི་དྲ་གནས་འདི་ནི་དྲ་ཐོག་པར་བཟོའི་མཉེན་ཆས་ཤིག་ཡིན་པ་དང་། ལས་ཀ་བྱེད་པའི་སྐབས photoshop ནང་བྱས་པ་དང་གཅིག་མཚུངས་འདུག །བདུན་ཕྲག་གཉིས་སྔོན་ཚོད་ལྟ་བྱས་པའི་སྐབས་པར་བཟོའི་ལས་ཀ་སྟབས་པོ་ཡོང་ཐུབ་པ་དང། photoshop སྦྱོང་མཁན་དང་བེད་སྤྱོད་བྱེད་མཁན་རྣམས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཞིག་ཏུ་མཐོང་། མཉེན་ཆས་འདིས་ PSD, PDF དེ་བཞིན་པར་རིགས་ཀྱི་ཡིག་ཆ་སྣ་ཚོགས་ཁ་ཕྱེ་ཐུབ་པ་དང་བཟོ་སྒྲིག་བྱེད་ཐུབ། Photoshop ནང་ཡོད་པའི་ལག་ཆ་དང layer, effects, blend mode, Mask, Filter སོགས་གལ་ཆེའི་ལག་ཆ་དེ་དག་ཀྱང་ལྡན་འདུག

སྐབས་དེ་དུས་པར་བཟོ་གཞི་ཅི་རིགས་ཐུབ་མོད་འོན་ཀྱང་བོད་ཡིག་གཏགས་སྐབས་བོད་ཡིག་མི་འཆར་བ་དང་། འཆར་ཡང་བརྩེགས་འདོག་ལེགས་པོ་མི་ཡོང་བ་སོགས་ཀྱི་དཀའ་ངལ་འདུག །དེར་བརྟེན་དྲ་ཚིགས་འདི་བཟོ་མཁན་དང་གློག་འཕྲིན་བརྒྱུད་འབྲེལ་བ་ཐེངས་མང་བྱས་ནས་ད་ཆ་བོད་ཡིག་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཐོབ་པ་བྱུང་།

མཉེན་ཆས་དེའི་དམིགས་བསལ་ཁྱད་ཆོས་ནི་རིན་མེད་དུ་སྤྱོད་ཆོག་པ་དང་། གློག་ཀླད་ནང་སྒྲིག་འཇུག་དམིགས་བསལ་བྱེད་མི་དགོས། ཁྱེད་ལ་དགོས་པ་ནི་དྲ་ཚིགས་བལྟ་སའི་དྲ་མྱུལ་མཉེན་ཆས Chrome དང་དེ་ནས་དྲ་རྒྱ་ཡོད་ན་འགྲིག །ཁྱེད་ཀྱིས་དྲ་ཚིགས་ཁ་བྱང photopea.com བཀོལ་ནས་གཟིགས་དང་མཉེན་ཆས་དེ་ཐད་ཀར་སོ་སོའི་གློག་ཀླད་ཀྱི་ངོས་དང་། ཁ་པར། དེ་བཞིན་ཏེབ་ལེཊ་གྱི་ངོས་སུ་འཆར་ཐུབ།

དྲ་ཚིགས photopea.com ཡི་འཆར་ངོས་དཔེ་རིས།

Photopea.com དྲ་གནས་འདི་ནི photoshop སྤྱོད་བཞིན་པ་དང་ཨ་ན་མ་ན་རེད། མཉེན་ཆས་དེའི་ཐོག་གི་དབྱིན་ཡིག་རྣམས་གུས་པས་བདུན་ཕྲག་གཅིག་ཙམ་སྤྱད་ནས་བོད་སྒྱུར་ཆ་ཚང་ཐུབ་པ་བྱུང་། དེ་ཡིས་མཉེན་ཆས་ལེགས་པོ་དེ་བོད་ཡིག་གི་ལམ་ནས་བེད་སྤྱོད་གཏོང་རྒྱུ་ཐུབ་པ་དང་ཕྱི་ནང་བོད་རིགས་གྲོགས་པོ་ཡོངས་ལ་ཕན་ཐོགས་ཡོང་བའི་རེ་འདུན་བཅངས་ཡོད། གོང་གི་དྲ་གནས་དེ་གེའི་འདེམས་བྱའི་རྒྱུད More>Language>བོད་ཡིག ཟེར་བ་དེ་འདེམས་ན་མཉེན་ཆས་ཀྱི་སྒྲོམ་ངོས་ཆ་ཚང་བོད་ཡིག་ནང་འཆར་ཐུབ། སྒྲོམ་ངོས་ཀྱི་བོད་ཡིག་ཡིག་གཟུགས་རན་པོ་ཤར་བའི་ཆེད Chrome Setting ནང་ཡིག་གཟུགས་སྒྲིག་སྟངས་གཅིག་ཡོད་པས་བརྙན་ཟློས་ནས་གཟིགས་ཙམ་གནང་ན་ཤེས་ཐུབ།

YouTube དྲ་གནས། https://youtu.be/hGPI8wDx1R8

དེ་བཞིན་དེ་རིང་ཞོགས་པ་མཉེན་ཆས་དེའི་སྟེང་སྨོན་ལམ་ཡིག་གཟུགས 13 དང་གུ་གུལ་གྱི་ཡིག་གཟུགས 1 བཅུག་ཐུབ་པ་བྱུང་། དེར་བརྟེན་ད་ནས་བཟུང་ང་ཚོས་པར་བཟོའི་མཉེན་ཆས་དེའི་ཐོག་བོད་ཡིག་ལམ་ནས་ཁྱེད་ཀྱི་ཉིན་རེའི་ཇུས་འགོད་ཅི་འདོད་དུ་གྲུབ་ཐུབ་པ་ཆགས་སོང་ཞེས་དགའ་སྤྲོ་འཁོལ་བཞིན་ཁྱེད་དྲ་གྲོགས་རྣམས་པར་ངོ་སྤྲོད་ཀྱི་ཚུལ་དུ་ཞུ།

དྲ་ཚིགས photopea.com ཡི་འཆར་ངོས་དཔེ་རིས།

མཉེན་ཆས་འདི Photoshop དང་བྱེད་ལུགས་གཅིག་པ་རེད། འོན་ཀྱང་མཉེན་ཆས་འདི་སྤྱད་དེ་པར་བཟོ་སྒྲིག་བྱེད་སྟངས་ཤེས་འདོད་ཡོད་མཁན་ཚོར་དམིགས་ཏེ་བརྙན་སྟོན་སློབ་ཁྲིད་བཟོས་ཏེ་གུས་པའི་ཡུ་ཊུབ་དྲ་གནས་www.youtube.com/hisonamdawa ཐོག་སྤེལ་བཞིན་ཡོད་པས་དེ་ནས་གཟིགས་ཐུབ་རྒྱུ་དང་ཤེས་རྒྱུ་ཡོད། བཀྲ་ཤིས་བདེ་ལེགས།

རྩོམ་པ་པོ། བསོད་ནམས་ཟླ་བ།

ནང་དོན་འདི་ནི་   སྨིན་དྲུག་ཚན་རྩལ། གྱི་རྩོམ་པ་པོ:xueyugege ལགས་ཀྱིས་སྤེལ་བ་ཡིན། འདིའི་བདག་དབང་ཡོད་ཚད་   སྨིན་དྲུག་ཚན་རྩལ། ཚང་ལ་དབང་། ནང་དོན་འདི་ནི་རྩོམ་པ་པོ་རང་ཉིད་ལྟ་བ་ལས་   སྨིན་དྲུག་ཚན་རྩལ། གྱི་ལྟ་བ་མཚོན་མི་ཐུབ། གལ་ཏེ་བརྒྱུད་བསྐུར་བྱ་དགོས་ན་ངེས་བར་དུ་ནང་དོན་གྱི་ཡོངས་ཁོངས་གསལ་བོར་འགོད་དགོས།

发表回复