འབྱུང་རྩིས་ཨུཏྤལ་སྔོན་པོའི་མཉེན་ཆས་དབུ་འབྱེད་མཛད་སྒོ་གནང་བ།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས

འདི་ག་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བར་འཕྲིན་ཡིག་འབྱོར་གསལ། ཉེ་ཆར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གསར་དུ་བཟོས་པའི་འབྱུང་རྩིས་ཨུཏྤལ་སྔོན་པོ་ཞེས་པའི་མཉེན་ཆས་དབུ་འབྱེད་ཀྱི་མཛད་སྒོ་གནས་མཆོག་རྡོ་རྗེ་གདན་དུ་ཚུགས།

འབྱུང་རྩིས་ཨུཏྤལ་སྔོན་པོའི་མཉེན་ཆས་དབུ་འབྱེད་མཛད་སྒོ

དེ་ཡང་འབྱུང་རྩིས་ཨུཏྤལ་སྔོན་པོ་ཞེས་པའི་མཉེན་ཆས་ཀྱི་སྐོར་ནི། རྩིས་ཀྱི་རིག་གནས་ཡོད་པའི་ཡུལ་ལུང་མང་པོ་ཞིག་གིས་དུས་རབས་ཀྱི་འགྲོས་དང་མཐུན་པའི་མཉེན་ཆས་འདྲ་མིན་བཟོས་ནས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་བཞིན་ཡོད་ནའང་། བོད་ལ་མཚོན་ན་བོད་ཡིག་གི་ལམ་ནས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བའི་འབྱུང་རྩིས་ཀྱི་མཉེན་ཆས་ཤིག་མེད་པར་བརྟེན། འདི་ག་ཞིབ་འཇུག་ཁང་དང་། ཀཿཐོག་དགེ་རྩེ་སྐུ་ཕྲེང་བཞི་པ་བསྟན་པ་རྒྱལ་མཚན་རིན་པོ་ཆེ་མཉམ་འབྲེལ་གྱིས། ལོ་ཤས་རིང་དཀའ་བ་ཁྱད་བསད་ཀྱིས་ཞིབ་འཇུག་དང་གསར་གཏོད་བྱས་པའི་འབྱུང་རྩིས་ཨུཏྤལ་སྔོན་པོ་ཞེས་པའི་མཉེན་ཆས་འདི་ཉིད་སྤྱི་ཚོགས་ཁྲོད་རིན་མེད་དུ་འགྲེམ་སྤེལ་གྱི་མཛད་སྒོ་སྟབས་བདེ་ཞིག་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༡༨ ཟླ་ ༡ པོའི་ཚེས་ ༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་བཞི་བའི་ཐོག་སྐུ་མགྲོན་གཙོ་བོ་༧འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༧དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག།བཀའ་ཟུར་༧སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག། གདན་ས་ཁག་གི་མཁན་རིན་པོ་ཆེ་རྣམ་པ། ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་དགེ་བཤེས་རྣམ་པ། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ། གཞན་ཡང་མཁས་དབང་དང་ཞིབ་འཇུག་པ། འབྲེལ་ཡོད་ཀཿཐོག་པའི་ཆོས་བརྒྱུད་འཛིན་པ་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཕྱོགས་བཞུགས་རྩོམ་སྒྲིག་པ་སོགས་མི་སྣ་ཉིས་བརྒྱ་ཙམ་འདུ་འཛོམས་གནང་ཞིང་།

དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ངོ་སྤྲོད་གནང་བཞིན་པ།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་འབྱུང་རྩིས་ཨུཏྤལ་སྔོན་པོ་ཞེས་པའི་མཉེན་ཆས་བཟོ་སྐྲུན་གྱི་བརྒྱུད་རིམ་དང་། དགོས་མཁོ། བེད་སྤྱོད་གཏོང་ཕྱོགས་བཅས་ངོ་སྤྲོད་གནང་།

བཀའ་ཟུར་༧སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག

དེ་རྗེས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་༧སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་ནས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་ཀར་བསྔགས་བརྗོད་དང་། རྩིས་རིག་གི་གལ་ཆེའི་རང་བཞིན་གྱི་གསུང་བཤད་ཟབ་རྒྱས་གནང་།

སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག

དམིགས་བསལ་སྐུ་མགྲོན་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ནས། བོད་ཀྱི་རིག་གནས་དང་ཀཿཐོག་དགེ་རྩེ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་འབྲེལ་བ་དང་། དམིགས་བསལ་འབྱུང་རྩིས་ཨུཏྤལ་སྔོན་པོའི་རྩོམ་པ་པོ་དགེ་རྩེ་༧སྐྱབས་མགོན་བསྟན་པ་རྣམ་རྒྱལ་གྱི་བོད་ཀྱི་རིག་གནས་སྤྱི་དང་། ལྷག་པར་དུ་སྨན་རྩིས་སྐོར་གྱི་གཞུང་ལུགས་དང་སློབ་མ་བསྐྱེད་བསྲིང་གནང་པའི་སྐོར། འདི་གའི་ལས་ཁུངས་ལ་བསྔགས་བརྗོད་དང་མ་འོངས་པར་མུ་མཐུད་རྒྱབ་སྐྱོར་བཀའ་དྲིན་རྩེ་གཟིགས་གནང་རྒྱུའི་ཞལ་བཞེས་ཐོབ་པ་སོགས་བཀའ་སློབ་རྒྱས་གནང་།

འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག

སྐུ་མགྲོན་གཙོ་བོ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས། བོད་ཀྱི་ཆོས་རིག་སྤྱི་དང་། ལྷག་པར་དུ་རིག་གནས་སྐོར་ལ་གདན་ས་ཁག་གཙོས་སློབ་གཉེར་བ་རྣམས་ཀྱིས་དོ་སྣང་གནང་རྒྱུ་གལ་ཆེན་ཡིན་པ་དང་། དམིགས་བསལ་དེང་རབས་འཕྲུལ་རིག་ལམ་ནས་ཡར་རྒྱས་གཏོང་དགོས་པ་ཧ་ཅང་གལ་ཆེ་ཚུལ་གྱི་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་།

ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་སྒྲོན་འབུལ་གནང་།

དེ་བཞིན་འབྱུང་རྩིས་ཨུཏྤལ་སྔོན་པོ་ཞེས་པའི་མཉེན་ཆས་བཟོ་སྐྲུན་སྐབས་ཀྱི་རྩིས་པ་དུས་འཁོར་སྐར་རྩིས་པ་རྒྱ་ཤེས་རབ་ཆོས་འཕེལ་དང་། མགོ་ལོག་རྩིས་པ་ཐུབ་བསྟན་འཕྲིན་ལས་གཉིས་ལ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ནས་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་སྒྲོན་འབུལ་གནང་།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་ཚོགས་འདུའི་མཇུག་སྡོམ་གཏམ་བཤད་དང་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་འདུ་རྒྱལ་ཁའི་ངང་གྲོལ།།

ཚོགས་འདུའི་མཉམ་པར།

འབྱུང་རྩིས་ཨུཏྤལ་སྔོན་པོའི་མཉེན་ཆས་འདི་ཉིད་Windows 7 /win 8 /win 10 བཅས་ཀྱི་ནང་བཀོལ་སྤྱོད་ལེགས་པར་བྱ་ཐུབ། འདིར་བསྣུན་ནས་ཕབ་ལེན་བྱེད་རོགས།

ནང་དོན་འདི་ནི་   སྨིན་དྲུག་ཚན་རྩལ། གྱི་རྩོམ་པ་པོ:xueyugege ལགས་ཀྱིས་སྤེལ་བ་ཡིན། འདིའི་བདག་དབང་ཡོད་ཚད་   སྨིན་དྲུག་ཚན་རྩལ། ཚང་ལ་དབང་། ནང་དོན་འདི་ནི་རྩོམ་པ་པོ་རང་ཉིད་ལྟ་བ་ལས་   སྨིན་དྲུག་ཚན་རྩལ། གྱི་ལྟ་བ་མཚོན་མི་ཐུབ། གལ་ཏེ་བརྒྱུད་བསྐུར་བྱ་དགོས་ན་ངེས་བར་དུ་ནང་དོན་གྱི་ཡོངས་ཁོངས་གསལ་བོར་འགོད་དགོས།

发表回复