WordPress དྲ་ཚིགས་བཟོ་སྐྲུན་གྱི་བརྒྱུད་རིམ།

WordPress དྲ་ཚིགས་བཟོ་སྐྲུན་གྱི་བརྒྱུད་རིམ།

དེང་གི་དུས་འདིར་ཡོད་ཚད་ཐོན་ཁུངས་སྒོ་ཕྱེ་བའི་ལམ་དུ་ཕྱོགས་བཞིན་ཡོད་པ་དང་། དྲ་ཚིགས་ཀྱི་བཟོ་སྐྲུན་བྱེད་སྟངས་ཐད་ལའང་འགྱུར་ལྡོག་ཆེན་པོ་བྱུང་ནས་ཧ་ཅང་སྟབས་བདེ་ཆགས་ཡོད་པ་རེད། གཤམ་དུ་WordPressདྲ་ཚིགས་བཟོ་སྐྲུན་གྱི་བརྒྱུད་རིམ་མདོར་བསྡུས་ཤིག་ངོ་སྤྲོད་བྱེད།

1.   ཁོངས་མིང་(དྲ་གནས་)དང་བར་སྟོང་ཐོ་འགོད་བྱེད་པ།

ཁོངས་མིང་(དྲ་གནས་)དང་བར་སྟོང་ཐོ་འགོད་བྱེད་དགོས་ན་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་རྒྱ་ཡིག་གི་དྲ་ངོས་སུ་(http://host.tibetitw.com) བསྐྱོད་པ་དང། ཐོ་ཁོངས་ཤིག་བཟོས་ནས་ཐད་ཀར་དྲ་ཐོག་ནས་ཉོ་ཆོག་པ་རེད། ཁོངས་མིང་(དྲ་གནས་)ནི་域名注册དང་། བར་སྟོང་ནི་虚拟主机ཟེར་བ་དེ་རེད། ཁོངས་མིང་(དྲ་གནས་)དང་བར་སྟོང་ནི་ལོ་རེ་བྱས་ནས་ཉོ་ཆོག་པ་དང་། བར་སྟོང་ནི་ཤོང་ཚད་ཆེ་ཆུང་མ་འདྲ་བ་ལ་བརྟེན་ནས་རིན་གོང་ཡང་འདྲ་མིན་སྣ་ཚོགས་ཡོད་ཅིང་། དམའ་ཤོས་ལ་ལོ་རེར་སྒོར་དྲུག་ཅུ་ལྷག་གིས་ཆོག་པ་ཡོད་ལ་མཐོ་ཤོས་ལ་སྒོར་སྟོང་ཕྲག་ཁ་ཤས་ཅན་ཡང་ཡོད་པ་རེད། གཞན་ཡང་ལོ་ཁ་ཤས་མཉམ་དུ་ཉོས་ཚེ་ལོ་གཅིག་གཉིས་ཙམ་ལྷག་མ་སྟེར་བ་སོགས་དེ་ལས་ལྷག་པའི་བྱ་འགུལ་ཡང་ཡོད་པ་དང་། གལ་ཏེ་བར་སྟོང་ཙམ་གྱིས་རང་གི་བློ་ཡིད་མ་ཚིམས་པ་ཞིག་ཡིན་ཚེ་སྤྲིན་ཞབས་ཞུ་འཕྲུལ་ཆས་(云服务器)ཟེར་བ་དེ་འདྲ་ཡང་ཉོ་རྒྱུ་འདུག་ལ་བྱེད་ནུས་ཀྱང་ཧ་ལས་པ་ཆེན་པོ་དེ་འདྲ་ཡིན་པ་རེད།

2.   གཞུང་ལ་ཐོ་འགོད་སྙན་སེང་ཞུ་བ།

གོ་རིམ་དང་པོ་དེ་ཚར་རྗེས། བོད་ནང་གི་དྲ་ཚིགས་ཡིན་ཚེ་གཞུང་ལ་དྲ་ཚིགས་སྒྲུབ་ཆོག་མིན་གྱི་ཐོ་འགོད་སྙན་སེང་(网站备案)ཞུ་དགོས་པ་རེད། འོན་ཀྱང་དྲ་ཚིགས་ཀྱི་ཀློག་པ་པོ་མང་ཆེ་བ་ཕྱི་ནས་ཡིན་ཚེ་ཐོ་འགོད་སྙན་སེང་ཞུ་མི་དགོས་པ་(免备案型虚拟主机)ཟེར་བའི་ཕྱི་ལོགས་ཀྱི་བར་སྟོང་ཉོས་ན་ཆོག་པ་ཡིན། གལ་སྲིད་ཐོ་འགོད་སྙན་སེང་ཞུ་དགོས་པ་ཞིག་ཡིན་ནའང་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ་ནས་ཉོས་པའི་བར་སྟོང་དང་ཁོངས་མིང་ཡིན་ཚེ་འགྲོ་ལུགས་ཆ་ཚང་དྲ་ཐོག་རྐྱང་བ་ནས་སྒྲུབ་ཆོག་པ་དང་། རང་ཉིད་ལ་ཐོབ་ཐང་དཔང་ཡིག(身份证)ཡོད་པ་ཙམ་གྱིས་འགྲིག

3.   WordPressབྱ་རིམ་སྒྲིག་འཇུག་བྱེད་པ།

གཞུང་ཕྱོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན་WordPressནི་ཐོན་ཁུངས་སྒོ་ཕྱེ་བའི་མཉེན་ཆས་ཤིག་ཡིན་པ་དང་། ཁྱེད་ཀྱིས་དེ་སྤྱད་ནས་དྲ་ཚིགས་དང་། པོད་ཁུག་ཡང་ན་ཉེར་སྤྱོད་བྱ་རིམ་ཡག་པོ་ཞིག་བཟོ་ཆོག་པ་ཡིན། མཛེས་སྡུག་ལྡན་པའི་ཇུས་འགོད། སྟོབས་དང་ལྡན་པའི་བྱེད་ནུས། དེ་བཞིན་ཁྱེད་ལ་མཁོ་བའི་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོད། WordPressནི་རིན་མེད་ཡིན་ལ་རིན་ཐང་ནི་གཞལ་དུ་མེད་པ་ཞིག་ཀྱང་ཡིན།

དེ་ལྟར་བར་སྟོང་དང་དྲ་གནས་གཉིས་ཀ་འཛོམས་ཚེ་ད་གཟོད་བར་སྟོང་ནང་ལ་WordPressབྱ་རིམ་སྒྲིག་འཇུག་བྱེད་ཐུབ་པ་ཡིན། གལ་ཏེ་ཁྱེད་རང་གིས་སྒྲིག་འཇུག་བྱེད་མི་ཤེས་ཚེ་བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་མི་སྣར་རོགས་རམ་བྱེད་དུ་བཅུག་ཆོག གླ་རིན་ཕལ་ཆེར་སྒོར་ལྔ་བཅུ་སྟེར་དགོས་ས་རེད། སྒྲིག་འཇུག་གྲུབ་རྗེས་ཁྱེད་རང་ལ་སྤྱོད་མཁན་མིང་དང་གསང་ཨང་སྟེར་བ་རེད།

4.   WordPressཡི་དཔེ་སྒྲོམ་འདེམས་སྒྲུག་བྱེད་པ།

WordPressབྱ་རིམ་སྒྲིག་འཇུག་བྱས་ཚར་བ་ན་ཁྱེད་རང་གི་སྤྱོད་མཁན་མིང་དང་གསང་ཨང་ལ་བརྟེན་ནས་ནང་འཇུག་བྱེད་ཐུབ་པ་དང་། དོ་དམ་ལྟེ་གནས་ཀྱི་གཡོན་ཕྱོགས་སུ་དཀར་ཆག་སྒྲིག་ཡོད་པའི་ཁྲོད་ཀྱི་ཕྱིའི་རྣམ་པ་ཟེར་བ་དེའི་ནང་དུ་དཔེ་སྒྲོམ་ཟེར་བ་དེར་བསྣུན་པ་དང་རིན་མེད་ཀྱི་དཔེ་སྒྲོམ་སྣ་ཚོགས་འཆར་ཡོང་གི་རེད། དེ་ནས་རང་གི་བློར་འབབ་པའི་དཔེ་སྒྲོམ་ཞིག་འདེམས་པ་དང་ནུས་སློང་བྱས་ན་འགྲིག་གི་རེད། གལ་སྲིད་དེ་དག་གི་ཁྲོད་དུ་རང་གི་བློར་འབབ་པ་ཞིག་མེད་པ་ཡིན་ཚེ། སྙན་གྲགས་ཆེ་བའི་WordPressཡི་དཔེ་སྒྲོམ་ཚོང་ར་དཔེར་ན་ https://themeforest.net ལྟ་བུའི་ནང་ནས་དཔེ་སྒྲོམ་ཡག་པ་ཧ་ལས་པ་དེ་འདྲ་ཉོ་རྒྱུ་ཡོད་པ་རེད།

5.   དཀར་ཆག་བཟོ་བ་དང་རྩོམ་ཡིག་སྤེལ་བ།

དཔེ་སྒྲོམ་བདམས་སྒྲིག་བྱས་ཚར་བ་ན། ཁྱེད་རང་གི་དྲ་ཚིགས་དེ་ཡོངས་སུ་འགྲུབ་པ་ཡིན་ལ། དཀར་ཆག་བཟོ་བ་དང་རྩོམ་ཡིག་སྤེལ་ཆོག་པ་རེད།

མདོར་ན། ཁྱེད་རང་གིས་ཡི་གེ་མཁྱེན་ཙམ་ཞིག་ཡིན་ན་ཕལ་ཆེར་དྲ་ཚིགས་གཉེར་ཐུབ་པ་དང་། དྲ་ཚིགས་ལ་འཕྲིན་སྟེགས་ནང་བཞིན་གྱི་ནང་དོན་ཚད་བཀག་གང་ཡང་མེད་ཅིང་། བདག་དབང་ཡོད་ཚད་ཁྱེད་རང་ཉིད་ལ་དབང་བ། རྒྱལ་ཕྱི་ནང་ཀུན་ཏུ་ཁྱབ་རྒྱ་ཆེ་བ་སོགས་དམིགས་བསལ་གྱི་ཁྱད་ཆོས་མང་དུ་ལྡན་པ་ཞིག་རེད།

ནང་དོན་འདི་ནི་   སྨིན་དྲུག་ཚན་རྩལ། གྱི་རྩོམ་པ་པོ:xueyugege ལགས་ཀྱིས་སྤེལ་བ་ཡིན། འདིའི་བདག་དབང་ཡོད་ཚད་   སྨིན་དྲུག་ཚན་རྩལ། ཚང་ལ་དབང་། ནང་དོན་འདི་ནི་རྩོམ་པ་པོ་རང་ཉིད་ལྟ་བ་ལས་   སྨིན་དྲུག་ཚན་རྩལ། གྱི་ལྟ་བ་མཚོན་མི་ཐུབ། གལ་ཏེ་བརྒྱུད་བསྐུར་བྱ་དགོས་ན་ངེས་བར་དུ་ནང་དོན་གྱི་ཡོངས་ཁོངས་གསལ་བོར་འགོད་དགོས།
Star

发表回复