བོད་ཡིག་གི་མཐེབ་གཞུང་རེའུ་མིག་ཐད་ཀྱི་བསམ་ཚུལ་ཐན་ཐུན།

ཆ་འཕྲིན་དུས་རབས་སུ་འབོད་པའི་དེང་གི་དུས་འདིར། འཕེལ་རྒྱས་ཀྱི་རྦ་རླབས་དགུང་དུ་འཕྱོ་ཞིང་། གསར་དར་གྱི་རིག་གནས་གསར་བ་དང་དངོས་པོ་གསར་བ་མང་པོ་ཞིག་གིས་ང་ཚོའི་འཚོ་བར་སྟབས་བདེ་གང་མང་ཞིག་གནང་ཡོད། སྤྱི་ཚོགས་འཕེལ་རྒྱས་དང་འཚོ་བ་སྟབས་བདེ་རུ་ཕྱིན་པ་དང་བསྟུན་ནས་ཆ་འཕྲིན་ལག་རྩལ་ནི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་ཆགས་ཡོད་ལ། ཆ་འཕྲིན་ལག་རྩལ་གྱིས་མི་རིགས་དང་རྒྱལ་ཁབ་གང་ཞིག་ཡིན་རུང་དེའི་སྲིད་འབྱོར་རིག་གསུམ་གྱི་ཐད་དུ་གཞན་ལས་ཁྱད་དུ་འཕགས་པའི་དགེ་མཚན་མི་དམན་པ་ཞིག་སྟེར་ཐུབ་ཀྱི་ཡོད་པ་རེད། ཆ་འཕྲིན་ལག་རྩལ་ལས་ཀྱང་ཡི་གེ་གཏག་པ་འདི་ནི་ཆ་འཕྲིན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད་ང་ཚོའི་བྱ་བའི་ལག་རོགས་བཟང་པོ་ཡིན། རང་རེའི་བོད་ཀྱི་ཡི་གེ་འདི་ཉིད་ཀྱང་དར་རྒྱས་ཆེ་བའི་རྒྱལ་ཁབ་གཞན་དང་མི་རིགས་གཞན་ནང་བཞིན་གློག་ཀླད་ནང་དུ་ནང་འཇུག་བྱས་ཤིང་། བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཡང་ཇེ་ཆེ་ནས་ཇེ་ཆེ་རུ་འགྲོ་བཞིན་ཡོད་པ་དེ་ནི་དགའ་འོས་པ་ཞིག་རེད།

201210231150432663

ཡིན་ན་ཡང་། གློག་ཀླད་དུ་བོད་ཡིག་བེད་སྤྱོད་གནང་དུས་ཡི་གེ་གཏག་ཐབས་(ཧི་མ་ལ་ཡ། སཾ་བྷོ་ཊ། པཎ་ཊི་ཏ། དོན་ཡོད། ཧྥང་ཀྲིང་། ཧྭ་ཀོང་སོགས། )མི་འདྲ་བ་སྣ་ཚོགས་མཆིས་པ་དེས། ཕན་ཚུན་བར་གྱི་འབྲེལ་འདྲིས་ཀྱི་བཀག་རྡོ་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ།  ཕྱིར་གཏོང་གནང་མི་དགོས་པའི་དུས་ཚོད་དང་རྒྱུ་དངོས་མང་པོ་ཞིག་ཀྱང་ཞོར་ཏུ་བརླག་བཞིན་ཡོད། དེ་བས་བདག་གིས་བོད་ཡིག་གཏག་ཐབས་གཅིག་གྱུར་མིན་པའི་སྐོར་གྱི་གནད་དོན་དང་གཅིག་གྱུར་ཡིན་པའི་དགེ་མཚན་ཐོར་བུ་ཙམ་ཞིག་གཤམ་ནས་བརྗོད་པར་བྱ།

དང་པོ། བོད་ཡིག་གཏག་ཐབས་གཅིག་གྱུར་མ་ཡིན་པའི་སྐོར་གྱི་གནད་དོན།

འཛམ་གླིང་དུ་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆེ་བའི་དབྱིན་ཇིའི་ཡི་གེ་དང་བཀོལ་སྤྱོད་གནང་མཁན་གྱི་མི་གྲངས་མང་པའི་རྒྱ་ནག་གི་ཡི་གེ་གཉིས་ལྟ་བུར་མཚོན་ན། གློག་ཀླད་བེད་སྤྱད་གནང་དུས་གཅིག་གྱུར་གྱི་ཡི་གེ་གཏག་ཐབས་མཆིས་པས། དྲ་ལམ་མྱུལ་བ་དང་དཔེ་དེབ་དང་ཚགས་ཤོག་རྩོམ་སྒྲིག་གནང་དུས་ཀྱང་ཧ་ཅང་སྟབས་བདེ་པོ་ཆགས་ཡོད་པ་རེད། དེ་བས་ལས་ཕྱོད་ཀྱི་ཚད་མཐོ་ཞིང་དུས་ཚོད་དང་རྒྱུ་དངོས་མང་པོ་ཞིག་ཀྱང་ཞོར་ཏུ་གྲོན་ཆུང་གནང་ཐུབ་ཀྱི་ཡོད་པར་མ་ཟད། ལས་ཀའི་དཀའ་རྙོག་མེད་ཅིང་སྟབས་བདེ་ཆགས་ཡོད་པ་རེད།  འོན་ཀྱང་། རང་རེའི་བོད་ཡིག་གི་ཐད་ནས་ཅུང་ཟད་གླེང་ན། གཏག་ཐབས་མི་འདྲ་བ་སྣ་ཚོགས་མཆིས་པས། འབྲེལ་འདྲིས་ཀྱི་བརྒྱུད་རིམ་ཁྲོད་དུ་ལས་ཀ་བསྐྱར་མ་མང་པོ་ཞིག་མི་ལས་རང་ལས་ཀྱི་གནས་ཚུལ་ཆགས་ཡོད་པ་ཡོད། དཔེར་ན། ཧི་མ་ལ་ཡའི་ཡིག་གཟུགས་དེ་དོན་ཡོད་དུ་བསྒྱུར་བ་དང་།  དོན་ཡོད་ཀྱི་ཡིག་གཟུགས་དེ་པཎ་ཊི་ཏ་རུ་བསྒྱུར་བ་སོགས་བྱེད་དགོས་པ་དང་། དེ་ལྟར་བསྒྱུར་བའི་གོ་རིམ་ཁྲོད་དུ་ནོར་འཁྲུལ་མི་འབྱུང་བའི་ངེས་པའང་མ་མཆིས་སོ། ། དེ་ལྟ་བུ་ཞིག་ཡིན་པས་བོད་ཡིག་གི་ལམ་ནས་བྱ་བ་ཅི་དང་ཅི་བསྒྲུབ་ཀྱང་དབྱིན་ཡིག་དང་རྒྱ་ཡིག་སོགས་དང་བསྡུར་ན་ལས་ཕྱོད་ཆུང་ཞིང་དུས་ཚོད་མང་པོ་ཞིག་ཆུད་ཟོས་སུ་བཏང་འགྲོ་ཡི་རེད།  གསར་སློབ་པ་དག་གི་བསམ་པའི་རྒྱུད་ལ་གློག་ཀླད་དུ་བོད་ཡིག་བེད་སྤྱོད་གནང་ན་ཧ་ཅང་སྟབས་བདེ་པོ་མ་ཡིན་པའི་སྣང་བ་སྟེར་བར་མ་ཟད། དུས་རྒྱུན་གྱི་དྲ་རྒྱའི་འཚོ་བའི་ཁྲོད་དུའང་རྒྱ་ཡིག་དང་དབྱིན་ཡིག་སོགས་མི་རིགས་གཞན་གྱི་ཡི་གེ་བེད་སྤྱོད་གནང་བཞིན་ཡོད། ཞོར་ཏུ་བོད་ཡིག་ནི་རིན་ཐང་མེད་པའི་ཡིག་རིགས་ཤིག་ཏུ་འདོད་ནས་བོད་ཡིག་སྦྱངས་འདོད་ཀྱི་འདུན་པའང་རིམ་གྱིས་ཉམས་བཞིན་ཡོད་ལ། དེའི་རྒྱུ་མཚན་ཅི་ཞིག་གི་ཕྱིར་ཏུ་རེད་ཟེར་ན། ད་ལྟ་སྙུག་ཤོག་དང་སྣག་ཚ་བཀོལ་པའི་དུས་རིམ་ལ་རྫོགས་ཤད་བཀོད་དེ། ལས་ཀ་མང་པོ་ཞིག་བསྒྲུབ་པར་གློག་ཀླད་བེད་སྤྱོད་གཏོང་བཞིན་ཡོད་པས་རེད། དེ་བས་བདག་གིས་བལྟས་ན་གློག་ཀླད་དུ་བོད་ཡིག་གི་ཡིག་གཟུགས་མི་འདྲ་བ་མང་པོ་ཡོད་པ་ནི་མཛེས་རྒྱན་ཞིག་ཏུ་འདོད་ལ། གཏག་ཐབས་མི་འདྲ་བ་སྣ་ཚོགས་མཆིས་པ་དེ་ནི་གནད་དོན་ཞིག་ཏུ་སེམས་སོ། །

གཉིས་པ། བོད་ཡིག་གཏག་ཐབས་གཅིག་གྱུར་ཡིན་པའི་སྐོར་གྱི་དགེ་མཚན།

བརྒྱ་ལ་བོད་ཡིག་ལའང་གཅིག་གྱུར་དང་ཚད་ལྡན་གྱི་ཡི་གེ་གཏག་ཐབས་ཤིག་མཆིས་པ་ཡིན་ཕྱིན། རང་རེའི་བོད་ཀྱི་ཡི་གེ་འདི་ཉིད་ཀྱང་དར་རྒྱས་ཆེ་བའི་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་ཡི་གེ་ནང་བཞིན་ཕྱོགས་གང་ཅིའི་ཐད་དུ་བཀོལ་སྤྱོད་གནང་བདེ་ཞིང་བོད་ཡིག་སྤྱོད་མཁན་གྱི་མི་གྲངས་ཇེ་མང་དང་ཁྱབ་རྒྱ་ཇེ་ཆེ་རུ་འགྲོ་བར་ཕན་པ་མ་ཟད། མཉེན་ཆས་གསར་བཟོ་དང་། དྲ་ལམ་མྱུལ་བ་དང་རྩོམ་སྒྲིག་གནང་བ་སོགས་བོད་ཡིག་གི་ལམ་ནས་བྱ་བ་གང་དང་ཅི་བསྒྲུབ་ཀྱང་བཀོལ་སྤྱོད་ཀྱི་བཀག་རྒྱ་མེད་ལ། ལས་ཕྱོད་ཀྱི་ཚད་མཐོ་ཞིང་། གསར་སློབ་པ་མང་པོ་ཞིག་གི་ཡིད་ཀྱི་དང་པ་འདྲེན་ཐུབ་པར་མ་ཟད།  ལས་ཀའི་དཀའ་རྙོག་ཀྱང་སེལ་ཐུབ་པའི་དགེ་མཚན་མི་དམན་པ་ཡོད། དེ་བས་ང་ཚོས་ཆ་འཕྲིན་གྱི་དུས་རབས་འདིར་བོད་ཡིག་ལ་གཏག་ཐབས་སྣ་ཚོགས་མཆིས་པ་དེ་དག་གཅིག་གྱུར་དང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་འགངས་ཆེ་བ་ཞིག་རེད། བདག་གིས་མི་ག་གེ་མོ་ཞིག་དང་ལས་ཁུངས་ག་གེ་མོ་ཞིག སློབ་གྲྭ་ག་གེ་མོ་ཞིག་གི་མཉེན་ཆས་གསར་སྤེལ་གྱི་ཁེ་ཕན་ལ་གནོད་པ་གཏོང་འདོད་པ་མ་ཡིན་པར། རང་ཉིད་ཀྱིས་བོད་ཡིག་རྩོམ་སྒྲིག་གནང་བའི་བརྒྱུད་རིམ་ཁྲོད་ཀྱི་བསམ་ཚུལ་ཐོར་བུ་ཙམ་དང་ཉེ་འཁོར་གྱི་སློབ་གྲོགས་ལ་ལའི་སེམས་ཁམས་ལ་དབྱེ་ཞིབ་བྱས་པའི་མཇུག་འབྲས་ཙམ་ཡི་གེར་བཀོད་དེ་ཆ་འཕྲིན་ལག་རྩལ་དང་བོད་ཡིག་བོད་སྐད་ཀྱི་མདུན་ལྗོངས་ཡངས་པོར་རྔོ་ཙམ་ཐོགས་པའི་རྒྱུ་རུ་བསྔོ་བའོ། །

རྩོམ་པ་པོ། ཁྲི་བྷོད།

ནང་དོན་འདི་ནི་   སྨིན་དྲུག་ཚན་རྩལ། གྱི་རྩོམ་པ་པོ:xueyugege ལགས་ཀྱིས་སྤེལ་བ་ཡིན། འདིའི་བདག་དབང་ཡོད་ཚད་   སྨིན་དྲུག་ཚན་རྩལ། ཚང་ལ་དབང་། ནང་དོན་འདི་ནི་རྩོམ་པ་པོ་རང་ཉིད་ལྟ་བ་ལས་   སྨིན་དྲུག་ཚན་རྩལ། གྱི་ལྟ་བ་མཚོན་མི་ཐུབ། གལ་ཏེ་བརྒྱུད་བསྐུར་བྱ་དགོས་ན་ངེས་བར་དུ་ནང་དོན་གྱི་ཡོངས་ཁོངས་གསལ་བོར་འགོད་དགོས།

发表回复