ཞིང་ཆེན་སྒྲོལ་བའི་ཚོགས་པའི་ཡུལ་སྐོར་ལ་ཆ་རྐྱེན་འཛོམས་ཚེ་ཡུལ་སྐོར་ལས་རིགས་སླར་གསོ་བྱེད་ཆོག་པ་བཏོན་ཡོད།
-
ཞིང་ཆེན་སྒྲོལ་བའི་ཚོགས་པའི་ཡུལ་སྐོར་ལ་ཆ་རྐྱེན་འཛོམས་ཚེ་ཡུལ་སྐོར་ལས་རིགས་སླར་གསོ་བྱེད་ཆོག་པ་བཏོན་ཡོད།
-
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། | རྩོམ་པ་པོ། | སྤེལ་དུས། 2020-08-01
《ཡུལ་སྐོར་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་ལས་སླར་གསོ་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་དོན་ཚན་སྐོར་གྱི་རིག་གནས་དང་ཡུལ་སྐོར་པུའི་གཞུང་དོན་ཁང་གི་བརྡ་ཐོ》(གཤམ་ལ《བརྡ་ཐོ》ཞེས་བསྡུ་རྒྱུ)ཉེ་དུས་བཀྲམ་ནས་ཞིང་ཆེན་ཁག་གི་རིག་གནས་ཡུལ་སྐོར་སྲིད་འཛིན་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ས་གནས་དེ་གའི་ཞིང་ཆེན་ཏང་ཨུད་དང་སྲིད་གཞུང་གི་མོས་མཐུན་ཐོབ་རྗེས་ཡུལ་སྐོར་ལས་དོན་ཁང་དང་དེ་བཞིན་དྲ་ཐོག་ཡུལ་སྐོར་ཁེ་ལས་ཀྱིས་ཞིང་ཆེན་སྒྲོལ་བའི་ཚོགས་པའི་ཡུལ་སྐོར་གཉེར་བ་དང“གནམ་གྲུའི་སྤ་སེ་དང་ཨར་ཁང”གི་ལས་སྒོ་སླར་གསོ་བྱེད་ཆོག་པ་ཁ་གསལ་བཏོན་ཡོད། ཞིང་ཆེན་སྒྲོལ་བའི་ཚོགས་པའི་ཡུལ་སྐོར་ཉིན་170ལྷག་ཙམ་མཚམས་འཇོག་བྱས་རྗེས་སླར་གསོ་བྱས་པ་ལས་ཡུལ་སྐོར་བ་དང་། ཡུལ་སྐོར་ལས་དོན་ཁང་། ཡུལ་སྐོར་ལས་དོན་པ་བཅས་ལ་འགྱུར་ལྡོག་གང་དག་བྱུང་མིན་ཐད་གསར་འགོད་པས་བཅར་འདྲི་བྱས་པ་ཡིན།
ཕྱིར་ཡུལ་སྐོར་དུ་བསྐྱོད་རྒྱུའི་ལམ་ཐིག་འཚོལ་ཞིབ་བྱེད་ཚད་མྱུར་དུ་འཕར་བ་ལས་རྒྱབ་ཕྱོགས་ཀྱི་དགོས་མཁོ་ཆེན་པོ་མངོན་པ།
ཀྲུང་གོ་གཞོན་ནུའི་ཡུལ་སྐོར་གྱི་དབུ་བཞུགས་སྤུས་རྟགས་དཔོན་ཞུས་ཞའོ་ལེ་ཡིས་ཞིང་ཆེན་སྒྲོལ་བའི་ཚོགས་པའི་ཡུལ་སྐོར་སླར་གསོ་བྱ་རྒྱུ་ནི་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱིའི་རྣམ་པ་དང་ཟུང་འབྲེལ་བྱེད་པའི་ཚན་རིག་དང་མཐུན་པའི་ཐབས་ཇུས་ཤིག་ཡིན་པས་ཡུལ་སྐོར་འཛད་སྤྱོད་པ་དང་ལས་རིགས་ཀྱི་ལས་དོན་པའི་ཡིད་ཆེས་འཕེལ་རྒྱུར་ཕྱོགས་སྟོན་ལྟ་བུའི་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་པའི་ངོས་འཛིན་བྱས་པ་རེད།
ལས་སྟེཌ་ཆེ་གྲས་ཁག་གིས་ཁྱབ་བསྒྲཌ་བྱས་པའི་གྲངས་གཞི་ལས་མངོན་པར། 《བརྡ་ཐོ》བཀྲམས་རྗེས་ཕྱིར་ཡུལ་སྐོར་དུ་བསྐྱོད་རྒྱུའི་ལམ་ཐིག་འཚོལ་ཞིབ་བྱེད་ཚད་འཕར་བའི་རྣམ་པ་མངོན་ཡོད་པ་རེད།
ཞེ་ཁྲེང་ལས་སྟེགས་ཀྱི་གྲངས་གཞི་ལས་མངོན་པར། རྒྱལ་ནང་དུ་ཚོགས་པའི་ཡུལ་སྐོར་དང་རང་མོས་ཡུལ་སྐོར་དུ་སྐྱོད་པའི་ལམ་ཐིག་འཚོལ་ཞིབ་བྱེད་ཚད《བརྡ་ཐོ》མ་དགྲམ་གོང་ལས་500%ཙམ་འཕར་ཡོད། མོས་ཚོགས་ནང་འཚོལ་ཞིབ་བྱེད་པའི་གྲངས་ཚད་ལས་མངོན་པར། ཟླ་7ཚེས་15ཉིན་གྱི་ཆུ་ཚོད་12བར་ལས་སྟེགས་ཐོག་ཡུལ་སྐོར་དུ་བསྐྱོད་མཁན་གྱིས་ཡུལ་གཞན་གྱི་མཛེས་ལྗོངས་ཁུལ་འཚོལ་ཞིབ་བྱེད་ཚད་ཟླ་གོང་མ་ལས་130%འཕར་ནས་ཞིང་ཆེན་དེ་ག་དང་ས་ཁུལ་དེ་གའི་མཛེས་ལྗོངས་ཁུལ་འཚོལ་ཞིབ་བྱེད་ཚད་ལས་ཐོག་མར་བརྒལ་ཡོད་པ་རེད། ལུའེ་མ་མ་ལས་སྟེགས་ཐོག་ཚོགས་པ་དང་རང་མོས་ཡུལ་སྐོར་སོགས་ཀྱི་འབྲེལ་ཡོད་འཚོལ་ཞིབ་བྱེད་ཚད་ཟླ་གོང་མ་ལས་ལྡབ་གསུམ་ཙམ་འཕར་ཡོད་པ་རེད།
འཚོལ་ཞིབ་བྱེད་ཚད་གང་མགྱོགས་འཕར་བ་ལས་རྒྱབ་ཕྱོགས་ཀྱི་དགོས་མཁོ་ཆེན་པོ་མངོན་ཡོད། ཞེ་ཁྲེང་ཡུལ་སྐོར་གྱིས་ཉེ་དུས་སྒྲིག་འཛུགས་བྱས་པའི་དཔོད་ཆུང་དང་སྐད་འཕྲིན་ལ་བརྟག་དཔྱད་བྱས་པ་ལས་མངོན་གསལ། ཞེ་ཁྲེང་སྤྱོད་མཁན་ཁྲོད་ཀྱི་88%འདི་ལོ་ཞིང་ཆེན་སྒྲོལ་ནས་ཡུལ་སྐོར་དུ་བསྐྱོད་འདོད་ཡོད་པས་བསྡུར་གྲངས་མཐོ་ཤོས་སུ་སླེབས་ཡོད་པ་དང་70%ཡན་སྒོ་མོ་དབྱེ་རྗེས་ཕྱིར་ཡུལ་སྐོར་དུ་བསྐྱོད་འདོད་བྱེད་ཀྱི་ཡོད་པ་རེད། ཡུལ་སྐོར་གྱི་དམིགས་ས་གདམ་ག་བྱེད་པའི་ཐད་ཡུལ་སྐོར་དུ་སྐྱོད་མཁན་གྱིས་ཉེན་ཁ་ཅུང་ཆུང་བ་དང་གཟིགས་སྐྱོང་བྱེད་ཤུགས་ཆེ་བའི་ཁུལ་དུ་བསྐྱོད་འདོད་བྱེད་ཀྱི་ཡོད་པ་རེད།
ཚོགས་པའི་ཡུལ་སྐོར་གྱི་དགོས་མཁོ་ཆེ་རུ་འགྲོ་བཞིན་ཡོད་པས་ཡུལ་སྐོར་ལས་དོན་ཁང་གིས་ཡུལ་སྐོར་གྱི་གདམ་ག་གསར་པ་ཁྱབ་གདལ་བཏང་བ།
ཞུས་ཞའོ་ལེ་ཡིས་དགོས་མཁོར་འགྱུར་ལྡོག་འགྲོ་བར་དམིགས་ནས་རྒྱུན་གཏན་གྱི་ཚོགས་པ་དང་མཉམ་དུ་ཡུལ་སྐོར་བྱེད་པའི་ལས་སྒོ་ཕུད་ད་དུང་སྒེར་གྱི་ཚོགས་པ་དང་། རང་མོས་ཡུལ་སྐོར། དམིགས་བཙུགས་ཡུལ་སྐོར། བརྗོད་དོན་གཙོ་བོའི་ཡུལ་སྐོར། རྩེར་སོན་ཡུལ་སྐོར་སོགས་སྣ་ཁ་མང་པོར་ཁྱབ་ཡོད་པ་དང་ཡུལ་སྐོར་དུ་སྐྱོད་མཁན་གྱི་རིགས་ཀྱང་རྒན་རྒོན་དང་། དར་མ། གཞོན་ནུ་བཅས་ཡོད་པ་རེད། བརྒྱུད་རིམ་དེའི་ཁྲོད་དྲ་ཐོག་ཡུལ་སྐོར་ལས་སྟེགས་ཀྱི་ཐོན་རྫས་མཛོད་དང་གྲངས་གཞི་ཆེ་མོའི་ལེགས་ཆ་སྤྱོད་རྒྱུ་རེད། ཀྲུང་གོ་གཞོན་ནུའི་ཡུལ་སྐོར་ལས་དོན་ཁང་གཤམ་འོག་གི་ཡུལ་སྐོར་ལས་དོན་ཁང་དང་། མཛེས་ལྗོངས་ཁུལ། ཨར་ཁང་། བསྡུ་སྒྲིལ་བྲིན་ཚོང་སོགས་ལས་སྒོ་མང་པོས་གྲ་སྒྲིག་གང་ལེགས་ཟིན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་གི་གསོ་སྦྱོང་ཁག་གི་བླང་བྱ་གཞིར་བཟུང་། ཐོན་རྫས་ཞིབ་སྤེལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཐོན་རྫས་དྲ་ཐོག་ཏུ་འདོན་ཚད་མགྱོགས་སུ་གཏོང་བ། བདེ་ཐང་དང་། བདེ་འཇགས། སྤུས་ལེགས་བཅས་ཀྱི་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུས་ཡུལ་སྐོར་བ་ཞིང་ཆེན་སྒྲོལ་ནས་ཡུལ་སྐོར་དུ་སྐྱོད་པའི་དགོས་མཁོ་བསྐངས་ཐུབ་པ་བྱ་རྒྱུ་རེད།
བདེ་འཇགས་ངང་ཡུལ་སྐོར་དུ་བསྐྱོད་རྒྱུར་དོ་ཁུར་བྱེད་ཚད་མཐོ་བས་སྔོན་མངགས་ལྟ་སྐོར་དར་སྲོལ་དུ་གྱུར་པ།
《བརྡ་ཐོའི》ནང་ས་གནས་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡུལ་སྐོར་བདེ་འཇགས་སོགས་ལས་དོན་ཁག་སྤྱི་འདོམས་ཡག་པོ་བྱེད་དགོས། “སུས་སྒྲིག་འཛུགས་བྱས་ཚེ་དེས་དོ་དམ་བྱེད་པ་དང་དེས་འགན་འཁུར་དགོས་པའི”རྩ་དོན་གཞིར་བཟུང་། ཡུལ་སྐོར་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་བཏང་ནས་ཡུལ་སྐོར་ཁེ་ལས་ལ་འཕྲལ་སྡོམ་སྔོན་ཇུས་བཟོ་རྒྱུའི་མཛུབ་ཁྲིད་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་བདེ་འཇགས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་བྱེད་ཐབས་དང་ཐག་གཅོད་ཀྱི་བརྒྱུད་རིམ་ཁ་གསལ་བཟོ་དགོས་པའི་ནན་བཤད་བྱས་ཡོད།
ཡུལ་སྐོར་བའི་ངོས་ནས་བརྗོད་ཚེ། བདེ་འཇགས་ངང་ཡུལ་སྐོར་དུ་བསྐྱོད་རྒྱུར་དོ་ཁུར་བྱེད་ཚད་ཆེ་རུ་ཕྱིན་ཡོད། ཀྲུང་གོ་གཞོན་ནུའི་ཡུལ་སྐོར་ལས་དོན་ཁང་གི་ཨའོ་ཡིའུ་དྲ་བས་བརྟག་དཔྱད་བྱས་པ་ལས་མངོན་གསལ། ཡུལ་སྐོར་གཉེར་སྐྱོང་ཚོང་པའི་གདམ་གའི་ཐད་དེ་སྔའི་ཡུལ་སྐོར་དུ་སྐྱོད་མཁན་གྱིས“སྔོན་ལ་རིན་གོང་ལ་ལྟ་བ་དང་དེ་ནས་ཞབས་ཞུར་ལྟ་བ”ནས“རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་འགན་སྲུང་ཡོད་མེད་དང་དོན་འཁྱོལ་ནུས་ལྡན་ཐུབ་མིན”ལ་དེ་བས་དོ་ཁུར་བྱེད་པའི་བར་འགྱུར་ལྡོག་ཕྱིན་ཡོད།
ཞེ་ཁྲེང་ཡུལ་སྐོར་གྱི་གྲངས་གཞི་ཆེ་མོའི་ཚོད་ལྟ་ཁང་གི་ཞིབ་འཇུག་པ་ཕུང་ལེའང་གིས་ཡུལ་སྐོར་ལས་དོན་ཁང་གིས་བདེ་འཇགས་དང་རིམས་འགོག་ལས་དོན་ཨང་དང་པོར་བཞག་ནས་ཐོན་རྫས་ཇུས་འགོད་དང་། ཐོན་ཁུངས་ཉོ་སྒྲུབ། ས་གནས་ས་ཐོག་གི་ཞབས་ཞུ། ཕྱིར་འཚོང་རྗེས་ཀྱི་འགན་ལེན་སོགས་ཐད་ཀྱི་བློས་འགེལ་ཆོག་པའི་རང་བཞིན་འགན་ལེན་བྱེད་དགོས་ངེས་རེད། ཡུལ་སྐོར་བ་དེ་བས་བདེ་འཇགས་དང་བློ་བདེ་ཡོང་ཆེད། ཞེ་ཁྲེང་དྲ་བས་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་ལས་དོན་ཁང་དང་། རིག་གནས་ཡུལ་སྐོར་སྡེ་ཚན། བསིལ་ཚོང་ཁང་སོགས་དང་མཉམ་འབྲེལ་ཐོག“བློ་བདེའི་ངང་ཞིང་ཆེན་སྒྲོལ་ནས་ཡུལ་སྐོར་བྱེད་པའི”ཞབས་ཞུའི་སྤྱི་ཆིངས་དང་གྲོས་འགོ་བཏོན་ནས་རྒྱལ་ནང་གི་ཡུལ་སྐོར་ཐད་དེ་བས་ནན་ལ་ཚད་ལྡན་གྱི་ཞབས་ཞུའི་ཚད་གཞི་བཟོ་བ་དང་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་བཤད་པ་རེད།
-- --
འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།