ཞི་ཅིན་ཕིང་བྱང་སྐར་གསུམ་པ་རྟགས་ཅན་གྱི་འཛམ་གླིང་འཁོར་སྐར་ཕྱོགས་སྟོན་མ་ལག་ལས་ནས་འགྲུབ་པ་དང་བཀོལ་སྤྱོད་བྱེད་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་མ་ལག་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས་པ་ཁྱབ་བསྒྲགས་མཛད།

ཞི་ཅིན་ཕིང་བྱང་སྐར་གསུམ་པ་རྟགས་ཅན་གྱི་འཛམ་གླིང་འཁོར་སྐར་ཕྱོགས་སྟོན་མ་ལག་ལས་ནས་འགྲུབ་པ་དང་བཀོལ་སྤྱོད་བྱེད་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་མ་ལག་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས་པ་ཁྱབ་བསྒྲགས་མཛད།

2020.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

བྱང་སྐར་གསུམ་པ་རྟགས་ཅན་གྱི་འཛམ་གླིང་འཁོར་སྐར་ཕྱོགས་སྟོན་མ་ལག་ལས་ནས་འགྲུབ་པ་དང་བཀོལ་སྤྱོད་བྱེད་འགོ་རྩོམ་པའི་མཛད་སྒོ་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགསནས། བྱང་སྐར་གསུམ་པ་རྟགས་ཅན་གྱི་འཛམ་གླིང་འཁོར་སྐར་ཕྱོགས་སྟོན་མ་ལག་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས་པ་ཁྱབ་བསྒྲགས་མཛད་པར་མ་ཟད་བྱང་སྐར་མ་ལག་གི་འཛུགས་སྐྲུན་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཤིང་། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་མ་ལག་ཞིབ་བཟོ་འཛུགས་སྐྲུན་ཁྲོད་ཞུགས་པའི་མི་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་མཛད་སྒོར་ཞུགས།

མི་དམངས་ཚོགས་ཁང་ཆེན་མོར་རྔམ་བརྗིད་རབ་ཏུ་ལྡན་ཞིང་ཚོམས་ཆེན་ཤར་མར་གློག་འོད་རྣམ་པར་བཀྲ་ལ་དགའ་སྤྲོའི་དཔལ་གྱིས་ཁེངས། སྔ་དྲོའི་དུས་ཚོད་བཅུ་དང་ཕྱེད་ཀའི་སྟེང་། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་སོགས་མཛད་སྒོའི་ཡུལ་དངོས་སུ་ཕེབས།

ལིའུ་ཧི་ཡིས་མཛད་སྒོར་འགོ་འཛིན་བྱས། མཛད་སྒོའི་སྟེང་བྱང་སྐར་གསུམ་པ་རྟགས་ཅན་གྱི་འཛམ་གླིང་འཁོར་སྐར་ཕྱོགས་སྟོན་མ་ལག་གི་འཛུགས་སྐྲུན་འཕེལ་རྒྱས་གནས་ཚུལ་གྱི་བརྙན་རིས་ཐུང་ངུ་བསྟན། ཀྲང་ཡིའུ་ཞ་ཡིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྒྲོག་འདོན་བྱས།

དུས་ཚོད་བཅུ་དང་སྐར་མ་ཞེ་བརྒྱད་སྟེང་། ཞི་ཅིན་ཕིང་སྟེགས་བུའི་སྟེང་ཕེབས་ཏེ། བྱང་སྐར་གསུམ་པ་རྟགས་ཅན་གྱི་འཛམ་གླིང་འཁོར་སྐར་ཕྱོགས་སྟོན་མ་ལག་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས་པ་ཁྱབ་བསྒྲགས་མཛད་པ་ན། ཚོགས་ར་ཡོངས་སུ་ཡུན་རིང་བོར་ཐལ་མོ་རྡེབ་སྒྲས་ཁེངས།

མཛད་སྒོ་གྲོལ་རྗེས། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཧི་པེ་ཚོམས་ཁང་དུ་ཕེབས་ནས། བྱང་སྐར་མ་ལག་གི་འཛུགས་སྐྲུན་འཕེལ་རྒྱས་གྲུབ་འབྲས་ཀྱི་འགྲེམ་སྟོན་ལ་གཟིགས་ནས། བཟོ་སྐྲུན་འཛུགས་སྐྲུན་དང་འཁོར་སྐྱོད་ཞབས་ཞུ། ཉེར་སྤྱོད་ཁྱབ་གདལ། རྒྱལ་སྤྱིའི་མཉམ་ལས་དང་འཕེལ་རྒྱས་མདུན་ལམ་བཅས་མཚམས་སྦྱོར་བྱས་པར་གསན།

ཞི་ཅིན་ཕིང་གིས་བྱང་སྐར་མ་ལག་དང་ལྷག་པར་དུ་བྱང་སྐར་གསུམ་པ་རྟགས་ཅན་གྱི་འཛམ་གླིང་འཁོར་སྐར་ཕྱོགས་སྟོན་མ་ལག་གི་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། བྱང་སྐར་གསུམ་པ་རྟགས་ཅན་གྱི་འཛམ་གླིང་འཁོར་སྐར་ཕྱོགས་སྟོན་མ་ལག་ལས་ནས་འགྲུབ་སྟེ་བཀོལ་སྤྱོད་བྱེད་འགོ་བརྩམས་པ་ལས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་བསྡུས་སྒོས་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཁྱད་སྟོབས་མངོན་པར་མཚོན་ཡོད་ལ། དེ་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཤུགས་མཐོར་འདེགས་བྱེད་པ་དང་། རིམས་ནད་འགོག་སྡོམ་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་ཏུ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ལ་སྐུལ་འདེད་གཏོང་བ། དེང་སྐབས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་འོག་ཏུ་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། མི་རིགས་ཀྱི་ཡིད་ཆེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་ཧུར་ཐག་གིས་མངོན་འགྱུར་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན། ལོ་ཉེར་དྲུག་གི་རིང་ལ། བྱང་སྐར་མ་ལག་གི་ཞིབ་བཟོ་འཛུགས་སྐྲུན་ཁྲོད་ཞུགས་པའི་མི་ཡོངས་ཀྱིས་དཀའ་ངལ་གདོང་གིས་བསུས་པ་དང་། བསྟུད་མར་འབད་འཐབ་བྱས་ཏེ། འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་བྱས་པ་དང་། དུས་རབས་གསར་པའི་བྱང་སྐར་སྙིང་སྟོབས་སྐྱེད་སྲིང་བྱས་ཡོད་པ་དེ་རྒྱུན་འཛིན་དང་དར་སྤེལ་བཟང་པོ་བྱེད་དགོས། བྱང་སྐར་མ་ལག་གི་ཉེར་སྤྱོད་ཁྱབ་གདལ་དུ་གཏོང་བ་དང་། མ་ལག་གཏན་འཇགས་ཀྱིས་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་པ་སོགས་རྗེས་མཐུད་ཀྱི་བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་སྟེ། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས་ཟེར།

ཏེན་ཞུའེ་ཞང་དང་ཞུའུ་ཆི་ལེང་། ཞའོ་ཅེ། ཧི་ལིས་ཧྥེང་། ད་དུང་ལིས་ཙོ་ཁྲིན་བཅས་གོང་གི་བྱ་འགུལ་ལ་ཞུགས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། དམག་དཔུང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། བྱང་སྐར་མ་ལག་གི་ཞིབ་བཟོ་འཛུགས་སྐྲུན་འཐུས་ཚབ་པ་བཅས་གོང་གི་བྱ་འགུལ་ལ་ཞུགས།

བྱང་སྐར་མ་ལག་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་ལག་བསྟར་བྱེད་པའི་རྒྱལ་ཁབ་ཀྱི་ཚན་རྩལ་བཟོ་སྐྲུན་གལ་ཆེན་ཡིན། བཟོ་སྐྲུན་དེ་གཅིག་སྟོང་དགུ་བརྒྱ་གོ་བཞི་ལོར་ལག་བསྟར་བྱེད་འགོ་བརྩམས་པ་དང་། ཉིས་སྟོང་ལོར་བྱང་སྐར་དང་པོ་རྟགས་ཅན་གྱི་མ་ལག་འཛུགས་སྐྲུན་བྱས་ལ། ཉིས་སྟོང་བཅུ་གཉིས་ལོར་བྱང་སྐར་གཉིས་པ་རྟགས་ཅན་གྱི་མ་ལག་འཛུགས་སྐྲུན་བྱས། བྱང་སྐར་གསུམ་པ་རྟགས་ཅན་གྱི་འཛམ་གླིང་འཁོར་སྐར་ཕྱོགས་སྟོན་མ་ལག་ཡོངས་སུ་འགྲུབ་ནས་བཀོལ་སྤྱོད་བྱེད་འགོ་བརྩམས་པ་དེས་བཟོ་སྐྲུན་གོམ་སྟབས་གསུམ་དུ་བགོ་བའི་འཕེལ་རྒྱས་འཐབ་ཇུས་ལ་ཕུ་ཐག་ཆོད་པའི་རྒྱལ་ཁ་ཐོབ་པ་དང་། རང་རྒྱལ་འཛམ་གླིང་སྟེང་འཛམ་གླིང་ཕྱོགས་སྟོན་མ་ལག་ཡོད་པའི་རྒྱལ་ཁབ་གསུམ་པར་གྱུར་པ་མཚོན་ཡོད། མིག་སྔར་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་ཉི་ཤུས་བྱང་སྐར་མ་ལག་བཀོལ་བཞིན་ཡོད།

                                                                                                                                      ལོ་ཙཱ་བ། ཕྱུག་ལོ།