མར་ཏི་ཝེ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་རྒྱུན་འཁྱོངས་བྱ་རྒྱུར་གཞོལ་བ།

  • མར་ཏི་ཝེ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་རྒྱུན་འཁྱོངས་བྱ་རྒྱུར་གཞོལ་བ།

    —— མར་ཏི་ཝེའི་ཕྱི་འབྲེལ་པུའུ་ཀྲང་ཧྲ་ཤིས་ཏེར་བཅར་འདྲི་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-07-31

    ཉེ་ཆར། མར་ཏི་ཝེའི་ཕྱི་འབྲེལ་པུའུ་ཀྲང་ཨ་པུ་ཏུའུ་ལ·ཧྲ་ཤིས་ཏེས་ཤིན་ཧྭ་གསར་འགྱུར་ཁང་གི་ཡིག་ཐོག་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། མར་ཏི་ཝེ་སྲིད་གཞུང་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་མར་ཏི་ཝེས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རིང་ཕངས་སེམས་མེད་པར་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། མར་ཀྲུང་འབྲེལ་བའི་མིག་སྔའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་རྒྱུན་འཁྱོངས་བྱ་རྒྱུར་གཞོལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཧྲ་ཤིས་ཏེས་མར་ཏི་ཝེ་སྲིད་གཞུང་གིས་ཀྲུང་གོ་སྲིད་གཞུང་དང་། ཁེ་ལས། དམངས་ཁྲོད་སྒྲིག་གཞི་བཅས་ཀྱིས་ང་ཚོའི་རྒྱལ་ཁབ་ལ་རིམས་ནད་ཁྱབ་མཆེད་བཀག་འགོག་བྱ་རྒྱུར་རྩ་ཆེའི་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གོ་སྲིད་གཞུང་གིས་མར་ཏེ་ཝེའི་དེང་སྐབས་ཀྱི་དཔལ་འབྱོར་དཀའ་ངལ་ལ་ཁ་གཏད་གཅོག་རྒྱུར་སྔར་བས་རྒྱབ་སྐྱོར་བྱེད་ལུགས་མཚོན་པར་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཁོང་གིས་མར་ཏི་ཝེས་ཟླ་7ཚེས་15ཉིན་རིམས་ནད་ཀྱིས་རྐྱེན་པས་སྒོ་བརྒྱབ་པའི་མཐའ་མཚམས་དངོས་སུ་སྒོ་མོ་ཕྱེ་ནས་སླར་གསོའི་དུས་མཚམས་སུ་སླེབས་པ་དང་ཀ་རྟེན་ཐོན་ལས་ཀྱི་ཡུལ་སྐོར་ལས་རིགས་དར་རྒྱས་གཏོང་རྒྱུ་ནི་རྒྱལ་ཁབ་དེ་གའི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་ཐུབ་པ་བྱེད་པའི་འགག་རྩ་ཞིག་རེད། སྲིད་གཞུང་དང་ཡུལ་སྐོར་སྡེ་ཚན་གྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་མར་ཏི་ཝེར་ཡོང་མཁན་ཡུལ་སྐོར་བའི་བདེ་འཇགས་དང་བདེ་ཐང་འགན་ལེན་བྱས་ཡོད། འདས་ཟིན་པའི་ལོ་ཤས་ནང་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་མར་ཏི་ཝེའི་ཡུལ་སྐོར་གྱི་འགྲུལ་ཁུངས་ཁྲོམ་ར་ཆེ་ཤོས་དང་པོ་དེ་ཡིན་ཞིང་། ཉེ་དུས་མར་ཀྲུང་ཕྱོགས་གཉིས་པོས་ཇི་ལྟར་བྱས་ཏེ་ཀྲུང་གོའི་ཡུལ་སྐོར་བ་མར་ཏི་ཝེར་ཡུལ་སྐོར་བྱ་རྒྱུ་སླར་གསོ་བྱེད་པ་སོགས་ཕྱོགས་གཉིས་པོས་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་གནད་དོན་ཐད་གྲོས་མོལ་བྱས་པ་རེད།

    ཉེ་དུས། མར་ཏི་ཝེའི་རྒྱལ་ནང་གི་ཆབ་སྲིད་མི་སྣ་རེ་ཟུང་གིས་ཀྲུང་གོ་དང་འབྲེལ་བའི་དྲང་བདེན་མིན་པའི་གཏམ་བརྗོད་སྤེལ་བར་དམིགས་ནས་ཁོང་གིས་མར་ཀྲུང་འབྲེལ་བར་ལོ་རྒྱུས་ཀྱི་རྨང་གཞི་བརྟན་པོ་ཡོད། མར་ཏི་ཝེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    མར་ཀྲུང་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཐད་ཀྱི་མཉམ་ལས་སྐོར་གླེང་སྐབས་ཧྲ་ཤིས་ཏེས། ལོ་མང་རིང་ཀྲུང་གོས་རོགས་སྐྲུན་བྱས་པའི་འཕེལ་རྒྱས་རྣམ་གྲངས་མང་པོ་ལས་མར་ཏི་ཝེར་ཕན་པ་མི་དམན་པ་ཐོབ་པ་དང་ཀྲུང་མར་མཛའ་གྲོགས་ཟམ་ཆེན་སོགས་རྣམ་གྲངས་ནི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བའི་མཚོན་ཚུལ་ཡག་ཤོས་རེད། འབྱུང་འགྱུར་ཕྱོགས་གཉིས་པོའི་གཉིས་ཕན་མཉམ་ལས་ལ་སྔར་བས་ཤུགས་སྣོན་ཐེབས་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད