མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་གྲོང་ཁྱེར་གྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་འོག་ལྷད་མེད་དཔལ་འབྱོར་གྱི་སླར་གསོ་འཚོལ་སྙེག་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་གྲོང་ཁྱེར་གྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་འོག་ལྷད་མེད་དཔལ་འབྱོར་གྱི་སླར་གསོ་འཚོལ་སྙེག་བྱེད་དགོས་པའི་འབོད་སྐུལ་བཏང་།

2020.07.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བརྒྱད་ཉིན་པྲོག་གསར་གློ་ཚད་དང་གྲོང་ཁྱེར་ཅེས་པའི་སྲིད་ཇུས་བསྒྲགས་གཏམ་སྤེལ་ཏེ། གྲོང་ཁྱེར་གྱི་འདྲ་མཉམ་མིན་པའི་སྣང་ཚུལ་མེད་པར་བཏང་ནས། ལྷད་མེད་དང་འགྱུར་བག་ལྡན་པ། བཟོད་སྒོམ་ཐུབ་པའི་དཔལ་འབྱོར་སླར་གསོ་འཚོལ་སྙེག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་བརྙན་རིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། གྲོང་ཁྱེར་ནི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་ཆེ་བའི་ས་ཁུལ་ཡིན་པ་དང་། བརྒྱ་ཆའི་དགུ་བཅུའི་ནད་པ་གྲོང་ཁྱེར་ནས་བྱུང་བ་རེད། པྲོག་གསར་གློ་ཚད་རིམས་ནད་ལས་གྲོང་ཁྱེར་གྱི་མདུན་དུ་ལྷགས་པའི་འགྲན་རྩོད་དེ་སྨན་བཅོས་ཁོངས་གཏོགས་ཀྱི་ནུས་པ་ཞན་པ་དང་། སྨན་བཅོས་ཆུ་ཚད། འཕྲོད་བསྟེན་ཞབས་ཞུ་མི་འདང་བ་སོགས་གསལ་རྗེན་དུ་མངོན་ཡོད་ལ། ཁྱད་པར་དུ་དབུལ་ཕོངས་ས་ཁུལ་གྱི་གྲོང་ཁྱེར་དག་གི་ཉམ་ངའི་རྣམ་པ་མངོན་པར་བྱས་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་གྲོང་ཁྱེར་དག་གིས་པྲོག་གསར་གློ་ཚད་རིམས་ནད་ཐག་གཅོད་བྱེད་པའི་དུས་རིམ་སོ་སོར་འདྲ་མཉམ་མིན་པ་སོགས་དུས་ཡུན་རིང་བོར་གནས་པའི་འཕེལ་རྒྱས་ཀྱི་ཉམ་ངའི་གནད་དོན་ཁྱད་སེལ་བྱེད་པར་འབད་འབུངས་བྱས་ཏེ། སྤྱི་ཚོགས་ཀྱི་གོང་བུར་འདྲིལ་ཤུགས་ལ་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། གྲོང་ཁྱེར་གྱི་ཆེས་ནུས་པ་ཞན་པའི་མང་ཚོགས་ཀྱི་སྡོད་ཁང་དང་ཆུ། འཕྲོད་བསྟེན་བཅས་ཀྱི་སྒྲིག་ཆས་དགོས་མཁོར་ཐོག་མར་བསམ་བློ་གཏོང་དགོས་ཟེར། དེའི་ཞོར་དུ་ཁོས་ད་རུང་ས་གནས་སྲིད་གཞུང་གི་ནུས་པར་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། གྲོང་ཁྱེར་གྱིས་ལྷད་མེད་དང་འགྱུར་བག་ལྡན་ལ། བཟོད་སྒོམ་ཐུབ་པའི་དཔལ་འབྱོར་སླར་གསོ་འཚོལ་བསྙེག་བྱེད་དགོས། སྐྱེ་ཁམས་རྣམ་པ་བསྒྱུར་བ་དང་ལས་ཞུགས་གསར་བསྐྲུན་བྱེད་པར་དོ་སྣང་བྱས་ཤིང་། དཔལ་འབྱོར་སྐུལ་སྤེལ་འཆར་གཞིས་དཔལ་འབྱོར་འཕར་སྣོན་དེ་ཐན་ཉུང་དང་འགྱུར་བག་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ལོ་ཙཱ་བ། བསོད་ནམས་ཚེ་རིང་།