དེང་རབས་བོད་སྐད་ཤན་སྦྱར་མིང་མཛོད།

མགོ་བརྗོད།

བརྩེ་ཆེན་ཡེ་ཤེས་དཀྱིལ་འཁོར་རྒྱས་པའི་ཆ། །
དབྱངས་གསལ་ཡི་གེའི་གཟུགས་སུ་རྣམ་སྤྲུལ་ཏེ། །
འཁོར་འདས་ཤེས་བྱའི་མཚན་ཉིད་གསལ་མཛད་པ། །
ཐུབ་དབང་འགྲོ་བའི་མིག་གཅིག་ཕྱག་གི་ཡུལ། །

སྟོང་ཆེན་གོ་ལ་ཟླུམ་པོའི་ཁྱོན་ཡངས་སུ། །
ཡང་དག་རིག་པའི་འཕྲིན་བཟང་འགྱེད་མཁས་པའི། །
དོན་དམ་ནང་གི་སྒྲོན་མེ་འཇམ་པའི་དབྱངས། །
འབྲལ་མེད་རྟག་པའི་འོད་སྣང་འབར་གྱུར་ཅིག །

བསིལ་ལྗོངས་རྨོངས་པའི་སྨག་ཆེན་མཐར་བྱེད་པ། །
གཙུག་ལག་ཉི་མའི་ཤིང་རྟ་སྲིད་པའི་མིག །
སྐལ་བཟང་ས་མཁན་དང་པོའི་སློབ་དཔོན་ཆེ། །
འཇམ་མགོན་ཐོན་མིའི་བཀའ་དྲིན་སླར་ཡང་དྲན། །

བོད་ཀྱི་སྐད་ཡིག་ནི་བོད་མི་མཐའ་དག་གི་དོན་བཟང་རང་གསལ་གྱི་ཁྲོ་བ་མེད་པའི་སློབ་དཔོན་དམ་པ་ཡིན་པར་མ་ཟད། བཅུ་ཕྲག་རིག་གཞུང་བདུད་རྩིའི་ཉིང་བཅུད་འཛིན་པའི་སྣོད་བཟང་པོ་དང་མི་རིགས་ཧྲིལ་པོའི་ལུགས་གཉིས་ཀྱི་དབུགས་རྒྱུན་སྐྱོང་པའི་སྲོག་རྩའང་ཡིན། དེས་ན་རང་གི་སྐད་ཡིག་བརྒྱུད་འཛིན་དང་དར་སྤེལ་བྱ་བ་ནི་བོད་མི་ཡོངས་རྫོགས་ཀྱི་ཕྲག་པར་རང་བཞིན་གྱིས་བབས་པའི་ཁུར་ཡིན་པའང་སྨོས་ཅི་དགོས།
ལར་མི་རིགས་གང་ཞིག་ཡིན་ཡང་རུང་། རང་གི་རིག་གནས་ཡོངས་སུ་རྫོགས་པ་དང་ལྷག་པར་དུ་སྐད་དང་ཡི་གེ་གཉིས་པོ་མ་ཉམས་པར་དུས་རབས་ཤིག་ནས་དུས་རབས་གཞན་ཞིག་ཏུ་ཁྱེར་ཏེ་འགྲོ་ཐུབ་པར་བྱེད་པ་ནི་ཆེས་གལ་ཆེ་བའི་བྱ་བཞག་ཅིག་ཡིན་ལ། ཁྱད་པར་དུ་ད་ལྟ་ནི་བརྡ་འཕྲིན་དང་དྲ་བའི་དུས་རབས་ཡིན་པས་སྐད་ཡིག་གཉིས་པོ་བརྡ་འཕྲིན་གྱི་མྱུར་འགྲོས་གཞུང་ལམ་ལ་བརྟེན་ནས་ཐུན་མིན་གྱི་ཡུལ་དང་དུས་ཀྱི་ནང་དུ་ཐུན་མིན་གྱི་བྱ་བ་བྱེད་དུ་འཇུག་དགོས་པ་སྟེ། འདི་དག་ནི་མི་རིགས་ཤིག་གིས་ལོ་ངོ་སྟོང་ཕྲག་དུ་མར་བསགས་པའི་ཤེས་རབ་ཀྱི་དྭངས་བཅུད་རྣམས་མི་རིགས་རང་གི་ངོ་བོ་དང་བཅས་ཏེ་ཡུན་ནས་ཡུན་དུ་འཚོ་གནས་བྱེད་ཐུབ་མིན་གྱི་གནད་ལ་ཐུག་པའི་བྱ་བ་ཆེན་པོ་ཞིག་ཡིན་པས་ཀུན་གྱིས་བསམ་བློ་མི་གཏོང་ཐབས་མེད་ཡིན།
ཁྱད་པར་དུ་བོད་ཀྱི་སྐད་ཡིག་འདི་ནི་ཐ་སྙད་ཕུན་སུམ་ཚོགས་པ་དང་། ཆོས་དང་འཇིག་རྟེན་གྱི་བརྗོད་བྱ་གང་ལའང་བརྡ་སྤྲོད་ཀྱི་ནུས་པ་ཁྱད་པར་བ་དང་ལྡན་ཞིང་། རིག་གནས་ཀྱི་རིན་ཐང་ཤིན་ཏུ་ཆེ་བའི་སྐད་ཡིག་ཅིག་ཡིན་མོད། དེང་སང་རང་རེའི་སྐད་ལ་མ་འདངས་པའི་ཆ་གསར་བ་ཞིག་ཡོད་པ་ནི། དུས་རབས་གསར་བའི་ནང་དུ་བྱ་བ་དང་དངོས་རྫས་གསར་བ་དབྱར་དུས་ཀྱི་རྩི་ཤིང་བཞིན་དུ་འཕེལ་བ་ན། དེ་ལ་ཡོངས་གྲགས་ཀྱི་བརྡ་ཆད་ཚད་ལྡན་ཞིག་གདགས་པའི་བྱ་བ་ཕྱི་འགྱངས་སུ་གྱུར་ནས་ད་ལྟ་རང་རེའི་ཐ་སྙད་གསར་བའི་ཐད་ལ་སྟོང་ཆ་ཤིན་ཏུ་ཆེན་པོ་ཞིག་བྱུང་འདུག་པ་དེ་ཡིན་ལ། དེ་ནི་རིག་གནས་དང་དཔལ་འབྱོར་སོགས་ཡར་རྒྱས་སུ་འགྲོ་བ་ལ་བར་ཆད་ཆེན་པོ་ཞིག་ཏུ་སྣང་བས་སྟོང་ཆ་དེ་ཉིད་མྱུར་དུ་ཁ་བསྐང་བར་བྱ་བའི་ཕྱིར་ངེས་པར་དུ་འབད་པ་ཆེན་པོ་ཞིག་བྱེད་དགོས་སོ། །དེའང་ཐོག་མར་རྒྱུན་གྱི་འཚོ་བའི་ནང་གི་ཐ་སྙད་ཐམས་ཅད་རང་གི་སྐད་ཡིག་ཁོ་ནའི་ཐོག་ནས་བདེ་བླག་ཏུ་བརྗོད་ཐུབ་པ་ཞིག་མེད་དུ་མི་རུང་བ་ཡིན་ལ། མིང་བརྡ་ཐ་སྙད་ཀྱི་རྣམ་གཞག་འཐུས་ཚང་བར་འཛུགས་པ་དང་། སྐད་དང་ཡི་གེའི་ཁྱད་ཆོས་རྙིང་པ་སྔོག་འདོན་དང་གསར་བ་གཏན་འབེབས་བྱེད་པ་སོགས་ལ་བརྟེན་ནས་རིག་གནས་ཀྱི་སྲོལ་རྒྱུན་དང་མི་འགལ་ཞིང་དུས་རབས་དང་འཚམ་པ། ཀུན་ལ་ཕན་ཞིང་ཡིད་རྟོན་དུ་རུང་བའི་དེང་རབས་ཀྱི་མིང་མཛོད་ཅིག་བསྒྲིག་པར་བྱ་བ་ནི་ཐོག་མའི་ཆ་རྐྱེན་དུ་སྣང་ངོ་། །
སྤྱིར་རང་ཅག་ལ་ལོ་སྟོང་ལྷག་གི་སྔོན་ནས་ཀྱང་སྐད་གཉིས་ཤན་སྦྱར་གྱི་མིང་མཛོད་བྱུང་ཞིང་། ལྷག་པར་དུ་ཉེ་བའི་དུས་རབས་སུ་བྱུང་བའི་བོད་ཡིག་གི་མིང་མཛོད་རྣམས་ཀྱི་ནང་ནས་བཟང་གྲས་བོད་རྒྱ་ཚིག་མཛོད་ཆེན་མོ་དང་གཞན་ཡང་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་སོགས་སྣ་འཛོམས་དང་ཆེད་སྤྱད་ཀྱི་མིང་མཛོད་མང་པོ་ཞིག་མཆིས་པ་ནི་བོད་ཀྱི་སྐད་ཡིག་ཕུན་སུམ་ཚོགས་པར་འགྱུར་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན་པ་ལྟ་ཅི་སྨོས། འོན་ཀྱང་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ཚུན་ཆད་ཀྱི་ལོ་སུམ་ཅུ་ཙམ་གྱི་རིང་དུ་བྱུང་བའི་ཐ་སྙད་གལ་ཆེན་གྱི་སྐོར་ཧ་ཅང་མང་པོ་ཞིག་དེ་དག་ཏུ་མ་བྱུང་བའི་དབང་གིས་རང་རེའི་སྐད་ཡིག་དང་དེང་རབས་ཀྱི་འཚོ་བ་གཉིས་བར་ཐག་ཇེ་རིང་དུ་འགྲོ་བར་འདུག་པས་དེ་རྣམས་ཁ་མ་བསྐངས་ཐབས་མེད་དུ་མཐོང་ཞིང་། སྤྱི་ཕན་གྱི་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་ཅེས་པའམ་དེང་རབས་བོད་སྐད་ཤན་སྦྱར་མིང་མཛོད་ཅེས་པ་འདི་དང་དེའི་ཡན་ལག་ཏུ་རིས་འགྲེལ་མིང་མཛོད་དག་རྩོམ་སྒྲིག་བྱས་པ་ཡིན།
དེ་ཡང་སྐབས་དང་པོ་སྤྱི་ལོ ༢༠༠༥ ལོའི་དབྱར་དུས་སུ་ཉེར་བསྡོགས་ཀྱི་བྱ་བ་རྣམས་བསྒྲུབས་ཤིང་། ཟླ ༡༠ པར་བོད་ཆོལ་ཁ་གསུམ་མམ་ཞིང་ལྗོངས་ལྔའི་མཁས་པ་ཆེད་ལས་པ་དག་གདན་ཞུ་བྱས་ཏེ་ཁྲིང་ཏུའུ་རུ་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ཐ་སྙད་བསྡུ་བའི་ཁྱབ་ཁོངས་དང་མིང་ཇི་ལྟར་གདགས་ཚུལ་གྱི་རྩ་དོན་རྣམས་གཏན་འབེབས་བྱས། སྐབས་གཉིས་པར་ཐ་སྙད་ཁྲི་ཚོ་གཅིག་ལྷག་ཙམ་ཞིག་གཏན་ལ་ཕབ་ཅིང་ཐ་སྙད་དེ་རྣམས་མདོ་དབུས་ཁམས་གསུམ་གྱི་ཡིག་སྒྱུར་ལས་ཁུངས་དང་མཁས་པ་སོ་སོའི་སྤྱན་ལམ་དུ་ཕུལ་ནས་དགོངས་འཆར་བསྡུ་ལེན་ཐེངས་དང་པོ་བྱས། སྐབས་གསུམ་པར་ཐ་སྙད་དེ་རྣམས་ཀྱི་རི་མོ་དང་འགྲེལ་བ་རྣམས་གྲུབ་པར་བགྱིས་ནས་འགྲེམ་སྤེལ་བྱས་ཟིན། ད་ཆ་ཁ་གསབ་ཀྱི་དེབ་ཆུང་འདི་གྲུབ་པར་བགྱིས་པ་ཡིན་ལ། དེའི་རིང་དུ་ཁྲིང་ཏུའུ་ལ་མིང་མཛོད་རྩོམ་སྒྲིག་པ་ཐམས་ཅད་མཉམ་འཛོམས་ཀྱི་དཔྱད་བསྡུར་ཚོགས་འདུ་ཐེངས་བཅུ་བདུན་དུ་འཚོགས་ནས་ཐ་སྙད་རེ་རེ་བཞིན་དུ་ལེགས་པར་བརྟགས་ཤིང་ཡང་ཡང་བསྡུར་ནས་ཅི་ནུས་ཀྱིས་དོན་དང་འབྱོར་ཞིང་བརྗོད་བདེ་བ་སོགས་སུ་བྱས་ཤིང་། སྔ་ཕྱིར་ལྷ་ས་དང་ཟི་ལིང་དང་ཁམས་དར་རྩེ་མདོ་བཅས་སུ་ཆེད་ལས་མཁས་པའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་སླར་ཡང་དགོངས་འཆར་བསྡུ་ལེན་ཐེངས་དུ་མར་བྱས་ཏེ་བོད་སྤྱིའི་སྐད་དུ་གཏན་ལ་ཕབ་པ་ཡིན་ནོ། །
དེ་ལྟར་མིང་མཛོད་འདིའི་ནང་དུ་བཀོད་པའི་ཐ་སྙད་རྣམས་བརྗོད་བྱའི་ཆ་ནས་སྤྱིར་དེང་རབས་ཀྱི་བྱ་བ་དང་དངོས་པོ་གསར་བ་རྣམས་དང་དེ་ལས་ཀྱང་རྒྱུན་གྱི་འཚོ་བའི་ནང་དུ་རྟག་པར་བཀོལ་རྒྱུའི་སྐོར་རྣམས་ཡིན་ལ། རྗོད་བྱེད་ཀྱི་ཆ་ནས་མདོ་དབུས་ཁམས་གསུམ་མཐའ་དག་གིས་མི་ཤེས་པ་མེད་པའི་གཅིག་འགྱུར་གྱི་སྐད་དུ་བྱས་ཡོད་པས་བོད་མི་ཡོངས་རྫོགས་ལ་དོན་དངོས་ཀྱི་ཐོག་ནས་དགོས་མཁོ་ཆེ་བ་ཞིག་ཡིན་པར་སེམས་སོ། །
དེས་ན་མིང་མཛོད་འདིར་བཀོད་པའི་ཐ་སྙད་རྣམས་ལས་ཆེས་ལེགས་པའི་ཐ་སྙད་གཞན་པ་ཡོད་ན་དེར་ཟད། གལ་ཏེ་མེད་ཕྱིན་ཐ་སྙད་འདི་རྣམས་ཁ་ཞེ་གཉིས་ཀ་ལ་ལེགས་པར་བྱང་བ་དང་དེ་ཉིད་རྒྱུན་གཏམ་དང་རྩོམ་ཡིག་གི་ནང་དུ་ཡོངས་སུ་བཀོལ་སྤྱོད་བྱེད་པ་ནི་ཤིན་ཏུ་གལ་ཆེ་བས་བོད་མི་ཐམས་ཅད་ཀྱི་ཐུགས་ལ་འཇགས་པར་ཞུ་ཞུ།
མིང་མཛོད་འདི་རྩོམ་སྒྲིག་གི་བྱ་བའི་ཐོག་མཐའ་ཀུན་ཏུ་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ལྷན་ཁང་དང་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་དང་བཀྲ་ཤིས་ཚེ་རིང༼འདས་པ༽བཅས་ཀྱིས་གདེང་འཇོག་དང་ཐུགས་ཁུར་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུའོ། །

རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་རྩོམ་སྒྲིག་ཚོ་ཆུང་གིས་
བོད་རབ་གནས་ལྕགས་ཡོས་ལོའི་ལྷ་བབས་དུས་ཆེན་ལ
གྲོང་ཁྱེར་ཁྲིང་ཏུའུ་ནས།

ཕབ་ལེན་བྱེད་གནས།
དེང་རབས་བོད་སྐད་ཤན་སྦྱར་མིང་མཛོད།

现代藏语对照词典

Modern Tibetan Multilingual Dictionary

མཇུག་བྱང་།

རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་ཅེས་པ་འདི་ནི་བོད་ཆོལ་ཁ་གསུམ་མམ་ལྗོངས་དང་ཞིང་ཆེན་ལྔའི་དམངས་ཁྲོད་ནས་སེར་སྐྱ་གཉིས་ཀ་མཉམ་དུ་འཛོམས་ཏེ་སྐད་རིགས་གཉིས་སམ་གསུམ་ལ་བྱང་བའི་སྒྲ་སྒྱུར་པ་ལྔ་བཅུ་ལྷག་གིས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ལོ་ཧྲིལ་པོ་གསུམ་གྱི་རིང་ལ་དབྱར་དགུན་ལྟོས་མེད་དུ་འབད་ཅིང་གྲུབ་པར་བྱས་པ་ཡིན་ལ། རྩ་བའི་མིང་མཛོད་ཁྱོན་ཐ་སྙད ༡༠༠༠༠ ལྷག་ཡོད་ཅིང་། འདིར་ཁ་སྐོང་དུ ༢༠༠༠ ལྷག་ཡོད་དོ། །
ཐ་སྙད་དེ་རྣམས་ཀྱི་འགྲེལ་བ་ཕལ་མོ་ཆེ་ཞིག་དེང་རབས་རྒྱ་སྐད་ཚིག་མཛོད་ཅེས་པའི་པར་ཐེངས་ལྔ་པ་ལ་གཞི་བྱས་ཤིང་།དེང་རབས་རྒྱ་སྐད་ཚད་ལྡན་ཚིག་མཛོད་ཅེས་པས་ཟུར་བརྒྱན་ཏེ་བྲིས་པ་ཡིན་ལ།ཚིག་མཛོད་དེ་གཉིས་ཀྱི་ནང་དུ་མི་གསལ་བ་དང་དམིགས་བསལ་གྱི་ཚིག་འགའ་རེ་ཡིད་རྟོན་ཕེར་བའི་ཁུངས་གཞན་དག་ལ་བརྟེན་ནས་བྲིས་སོ། །
དངོས་པོ་འགའ་ཞིག་ལ་མིང་རྒྱས་བསྡུས་གཉིས་རེ་བཀོད་ཡོད་པ་དེ་རྣམས་ལས་རྒྱས་པའི་ཐོག་ནས་གོ་བརྡ་འཕྲོད་པ་ན་གཙོ་བོ་བསྡུས་མིང་དེ་ལ་གོམས་པར་བྱས་ན་ལེགས་ལ།ཡང་མིང་འགའ་ཞིག་གི་རྗེས་སུ་ཡུལ་སྐད་ཀྱི་མིང་རེ་བཀོད་ཡོད་པ་དེ་དག་ནི་རེ་ཞིག་དེ་ལྟར་མ་བྱས་ན་ཡུལ་ལ་ལར་གོ་བརྡ་མི་འཕྲོད་པའི་དབང་གིས་ཡིན་ཡང་རིམ་གྱིས་སྤྱི་པའི་མིང་དེ་ལ་གོམས་ཤིང་བཀོལ་བར་བྱའོ། །
བརྡ་འདི་རྣམས་གདགས་པའི་དུས་སུ་བརྗོད་བྱའི་དངོས་པོ་དེའི་ངོ་བོའམ་བྱེད་ལས་སོགས་ལ་འབྱོར་རམ་མི་འབྱོར་དང་། དབྱིན་ཇི་དང་རྒྱ་ནག་གིས་མིང་ཇི་ལྟར་བཏགས་ཚུལ་དང་། བོད་སྤྱིའི་ངག་ཐོག་དང་ཡིག་ཐོག་གཉིས་ཀ་ལ་བདེའམ་མི་བདེ་སོགས་ལ་ཞིབ་ཏུ་བརྟགས་ཤིང་བགྲོ་གླེང་ཡང་ཡང་བྱས་ནས་གཏན་ལ་ཕབ་པ་ཡིན་པས། ཡུལ་ཕྱོགས་རེ་འགའ་བར་རེ་ཞིག་བརྗོད་མི་བདེ་བ་དང་བརྡ་མི་འཕྲོད་པ་ཕྲན་བུ་འབྱུང་སྲིད་ཀྱང་བརྡ་སྤྲོད་སྤྱིའི་འགྲོ་ལུགས་དང་མཐུན་པའི་མིང་བརྡ་དག་ནི་ཅུང་ཙམ་གོམས་ན་སྐྱོན་དང་བྲལ་བའི་ཐ་སྙད་དུ་འགྱུར་འགྲོ་བ་ཡིན་ནོ། །
དེས་ན་ཡུལ་སྐད་ཕྱོགས་རེ་བ་ཙམ་ལ་བརྟེན་ནས་ཨུ་ཚུགས་དང་འཐེན་འཁྱེར་མི་བྱེད་པར་སྤྱིའི་ཐ་སྙད་ཅིག་ཆགས་སུ་འཇུག་པར་བྱེད་པ་གནད་དུ་ཆེ་བས་ཅིས་ཀྱང་ལག་ལེན་དུ་འདེབས་པ་གལ་ཆེའོ། །
སླད་ནས་མིང་མཛོད་འདིའི་ཐ་སྙད་ཁྲི་གཅིག་པོའི་རྨང་གཞིའི་ཐོག་ཏུ་གསར་བྱུང་གི་ཐ་སྙད་དང་གཞན་ཡང་འདིར་མ་འདུས་པའི་དེང་རབས་ཀྱི་ཐ་སྙད་གཞན་པ་རྣམས་རིམ་བཞིན་ཁ་བསྐང་ཤིང་དུས་དང་བསྟུན་པའི་ལེགས་བཅོས་བྱས་ནས་བོད་སྐད་ཀྱི་དེང་རབས་མིང་མཛོད་བརྗོད་བྱ་སྣ་འཛོམས་ཤིང་རྗོད་བྱེད་སྒྲོས་གཙང་བ་ཞིག་འོང་བའི་རེ་སྨོན་བྱེད་བཞིན་ཡོད་དོ། །
མིང་མཛོད་འདིར་ད་དུང་ཡང་བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་མ་འདངས་པ་དང་ནོར་བ་ཡོད་ངེས་པས་མཁས་པ་རྣམས་ཀྱིས་ངེད་ཅག་ལ་འབྲེལ་བ་གནང་ནས་དགོངས་འཆར་ལྷུག་པར་སྩོལ་ཞིང་དག་བཅོས་མཛད་པར་ཞུའོ། །

སླར་སྨྲས་པ།
ཕྲ་ཞིབ་རིགས་པའི་ལམ་ནས་ལན་མང་དུ། །

དཔྱད་ཅིང་ལེགས་པར་སྦྱར་བའི་མིང་མཛོད་འདི། །
དུས་ཀྱི་རྦ་ཀློང་འཁྲིགས་པའི་ཁུགས་སོ་ལས། །

ཆོལ་གསུམ་གཅིག་ཏུ་འཛོམས་པའི་རང་སྒྲ་ཡིན། །

གནའ་དེང་རིག་པའི་ཕྱོགས་ལྷུང་དོག་པོའི་འཕྲང་། །

སྐྱ་སེར་རྩོད་པའི་རླུང་གིས་དཀྲུགས་པ་ཡི། །
ཕན་མེད་ཐོ་ཅོ་སྒྲོག་པའི་བརྟུལ་ཞུགས་དག།

སྤངས་ནས་རིག་ཟུངས་གསོ་བའི་བཅུད་དུ་སྤེལ། །

བརྡ་ཡི་སྒྲུབ་ལུགས་བསྟན་བཅོས་ཚད་མར་གཏུགས། །

མིང་གི་འགྲོ་སྟངས་སྐད་ཀྱི་གཤིས་དང་བསྟུན། །

མནོག་ཆུང་ཉི་ཚེའི་ཚིག་གི་འཐེན་འཁྱེར་རྣམས། །

རིང་དུ་དོར་ནས་སྤྱི་ཕན་སེམས་ཀྱིས་བསྒྲུབས། །

འདི་ན་ངོ་སོ་སྲུང་བའི་རེ་དོགས་མེད། །

འདི་ན་ཁེ་ཕན་སྒྲུབ་པའི་འཐེན་རྩོད་མེད། །
རང་རང་ཕྲག་ཏུ་བབས་པའི་འོས་འགན་ཙམ། །

སོ་སོས་འབད་པས་བསྒྲུབས་ཏེ་ཕུལ་བ་ལགས། །

བརྡ་དང་ཐ་སྙད་སྐད་དང་ཡི་གེ་ནི། །

རིག་པའི་གཞུང་ཀུན་བགྲོད་པའི་ཐེམ་སྐས་ཏེ། །

གདགས་སྦྱང་གོམས་པའི་རྣམ་བཞག་ལ་བརྟེན་ནས། །

མདུན་བསྐྱོད་ཡར་རྒྱས་ལེགས་པའི་ཕྱོགས་སུ་གཞོལ། །

ཁྱད་པར་གཞན་གྱི་དྲིང་དུ་མི་འཇོག་པའི། །

མེས་པོའི་སྲོལ་བཟང་འཁོར་ལོ་འབར་བའི་རྩིབས། །

ལུགས་གཉིས་ཤེས་བྱའི་གོ་རར་བགྲོད་པའི་ཚེ། །

སྐད་ཡིག་གཙང་མའི་སྲོག་ཤིང་བརྟན་ལ་རག །

དེ་སླད་ཀུན་ལ་ཕན་པའི་དབྱིག་མཆོག་དང་། །

ལྷག་བསམ་ཀློང་ནས་རྡོལ་བའི་འབོད་སྐུལ་འདི། །

ལྔ་ཕྲག་རིག་པའི་ཉིང་བཅུད་དང་འགྲོགས་ནས། །

ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་གྱུར་ཅིག །

རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་རྩོམ་སྒྲིག་ཚོ་ཆུང་གིས་བོད་རབ་གནས་ལྕགས་ཡོས་ལོའི་ལྷ་བབས་དུས་ཆེན་ལ
གྲོང་ཁྱེར་ཁྲིང་ཏུའུ་ནས་བྲིས་སོ། །

 

 

ཕབ་ལེན་གནས།

ཐད་ཀར་ཕབ་ལེན།

ནང་དོན་འདི་ནི་ དགའ་དགའ་ཚན་རྩལ། གྱི་རྩོམ་པ་པོ:GaGa_JaYang ལགས་ཀྱིས་སྤེལ་བ་ཡིན། འདིའི་བདག་དབང་ཡོད་ཚད་ དགའ་དགའ་ཚན་རྩལ། ཚང་ལ་དབང་། ནང་དོན་འདི་ནི་རྩོམ་པ་པོ་རང་ཉིད་ལྟ་བ་ལས་ དགའ་དགའ་ཚན་རྩལ། གྱི་ལྟ་བ་མཚོན་མི་ཐུབ། གལ་ཏེ་བརྒྱུད་བསྐུར་བྱ་དགོས་ན་ངེས་བར་དུ་ནང་དོན་གྱི་ཡོངས་ཁོངས་གསལ་བོར་འགོད་དགོས།
བཟང་།11
GaGa_JaYang