ཀྲུང་གོས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བའི་སྒྱུར་བཅོས་ཉམས་མྱོང་གོ་ལ་ཧྲིལ་པོ་དང་མཉམ་སྤྱོད་བྱས་པ།

  • ཀྲུང་གོས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བའི་སྒྱུར་བཅོས་ཉམས་མྱོང་གོ་ལ་ཧྲིལ་པོ་དང་མཉམ་སྤྱོད་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-07-29

     ཟླ་7ཚེས་27ཉིན་འཛམ་གླིང་དངུལ་ཁང་གིས《ཀྲུང་གོས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སྟེ། སྒྱུར་བཅོས་ཀྱི་སྐུལ་འདེད་ནུས་པ་དང་འབྱུང་འགྱུར་གྱི་སྒྱུར་བཅོས་གོ་སྐབས》ཞེས་པའི་ཆེད་དོན་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད། འཛམ་གླིང་དངུལ་ཁང་གི་སྙན་ཞུའི་ནང་ཀྲུང་གོས་ཉེ་བའི་ལོ་ཤས་རིང“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བའི་ཁྱབ་ཁོངས་སུ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ཚད་མཐོའི་མཐོང་ཆེན་གནང་ནས་ས་གནས་ཀྱིས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱ་རྒྱུར་ལྕག་སྐུལ་བྱས་ཏེ་སྒྱུར་བཅོས་ཀྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་། ཁྲོམ་རའི་བྱེད་པོ་ཞུགས་རྒྱུར་ལྕག་སྐུལ་བྱེད་པ། ཆ་འཕྲིན་ཅན་གྱི་ལག་རྩལ་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱི་དང་རྒྱལ་ནང་གི་སྒྱུར་བཅོས་ཉམས་མྱོང་ཕྱོགས་གཉིས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་སོགས་ཐད་གྲུབ་འབྲས་ཐོབ་པའི་ཉམས་མྱོང་བསགས་པའི་ངོས་འཛིན་བྱས་པ་རེད། སྙན་ཞུའི་ནང་ཉེ་བའི་ལོ་ཤས་རིང་ཀྲུང་གོས་ཁེ་ལས་བཙུགས་པ་དང་། གློག་མཁོ་འདོན་བྱས་པ། འཛུགས་སྐྲུན་གྱི་ཆོག་འཐུས་གཉེར་བ་སོགས་ཁྱབ་ཁོངས་མང་པོར་སྒྱུར་བཅོས་བྱེད་ཐབས་ཞིབ་ཕྲ་ཁྱབ་གདལ་བཏང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞིར་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྒྱུར་བཅོས་ཐད་དཔྱད་གཞི་མཁོ་འདོན་བྱས་པ་དང་གོ་ལ་ཧྲིལ་པོའི་ཚོང་གཉེར་ཁོར་ཡུག་གི་ཆུ་ཚད་སྤྱི་ཡོངས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བར་ཕྱོགས་སྡོམ་ཞིབ་ཚགས་བྱས་ཡོད། སྙན་ཞུའི་ནང་དུས་མཚུངས་སུ་ཀྲུང་གོར་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་འགྲན་སློང་ཁག་གཅིག་འཕྲད་ཡོད་ལུགས་བཏོན་པ་དང་སྦྲགས་ཞིབ་ཕྲའི་སྒྱུར་བཅོས་ཀྱི་གྲོས་འགོ་ཡང་བཏོན་ཡོད་པ་རེད།

    ཉེ་བའི་ལོ་ཤས་ནང་། ཀྲུང་གོས་འཛམ་གླིང་དངུལ་ཁང་གི་གོ་ལ་ཧྲིལ་པོའི་ཚོང་གཉེར་ཁོར་ཡུག་ཚོད་སྐོར་ནང་ཞུགས་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་བརྟན་པོ་དང་། དྲང་གཞག ཁ་གསལ་བཅས་དང་སྔོན་དཔག་ཐུབ་པའི་ཚོང་གཉེར་ཁོར་ཡུག་ཤུགས་ཆེན་བཏོད་དེ་ཚོང་གཉེར་ཁོར་ཡུག་གོ་ལ་ཧྲིལ་པོའི་ཨང་རིམ་ཁྲོད་རྒྱུན་མཐུད་ངང་འཕར་བཞིན་ཡོད་པས་2019ལོར་འཛམ་གླིང་དངུལ་ཁང་གི་ཚོང་གཉེར་ཁོར་ཡུག་གི་ཚོད་སྐོར་ཁྲོད་ཨང་31པར་སླེབས་ཡོད་པ་རེད། ལོ་གཉིས་བསྟུད་མར་འཛམ་གླིང་དངུལ་ཁང་གིས་གོ་ལ་ཧྲིལ་པོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་ཤུགས་ཆེ་ཤོས་ཀྱི་དཔལ་འབྱོར་སྒྲིག་གཞི་10ཡི་གྲས་སུ་དཔྱད་འདེམས་བྱས་པ་དང་ཡིད་ཆེས་ཐོབ་པའི་སྒྱུར་བཅོས་ཀྱི་གྲངས་འབོར་གོ་ལ་ཧྲིལ་པོའི་མདུན་གྲལ་གྱི་ཨང་གསུམ་པར་སླེབས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་ཁྲོད་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་ཤུགས་ཆེ་ཤོས་ཀྱི་དཔལ་འབྱོར་སྒྲིག་གཞིར་གྱུར་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་བས་ལེགས་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་ཡག་པོ་བྱས་ཏེ་ཀྲུང་གོས་རྒྱལ་སྤྱིའི་རྩེར་སོན་ཆུ་ཚད་དང་བསྡུར་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུར་སྐུལ་འདེད་བཏང་ཐོག་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་གཏོད་དེ་ཕྱི་ནང་མ་རྩའི་ཁེ་ལས་དང་དེ་བཞིན་དབང་བའི་ལམ་ལུགས་ཀྱི་ཁེ་ལས་ཁག་ལ་སྤུས་ལེགས་ཀྱི་སྤྱི་པའི་ཞབས་ཞུ་དང་དྲང་གཞག་ངང་འགྲན་རྩོད་ཀྱི་ཁོར་ཡུག་མཁོ་འདོན་གྱིས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་བ་དང། འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་ཆེ་རུ་འགྲོ་བ། ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།